རྒྱལ་ནང་གི་ཆེས་ཐོག་མའི་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུ་ཤར་གཏོང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-24   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

        ཟླ7པའི་ཚེས23ཉིན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་བགྲང་བྱ་གཅིག་ལྷག་གི་འབད་བརྩོན་བྱས་པར་བརྒྱུད། རྒྱལ་ནང་གི་ཆེས་ཐོག་མའི་དྲ་ཐོག་བོད་ཡིག་དཔེ་ཀློག་སྟེགས་བུ་སྟེ་གངས་ཅན་རིག་མཛོད་བོད་ཡིག་དཔེ་ཀློག་སྟེགས་བུའི་ཚོད་ལྟའི་མ་ལག་དངོས་སུ་སྒོ་འབྱེད་བྱས་ཡོད་ཅིང་། རྒྱུས་ལོན་བྱུང་བ་ལྟར་ན། གངས་ཅན་རིག་མཛོད་བོད་ཡིག་དཔེ་ཀློག་སྟེགས་བུ་འདི་ནི་བོད་ཁུལ་གྱི་ཆེས་ཐོག་མའི་གཞུང་གཉེར་གྱི་དྲ་ཐོག་དཔེ་ཀློག་སྟེགས་བུ་དེ་ཡིན་འདུག་ལ། ཉིན་འགའི་དུས་ཡུན་ནང་འཛད་སྤྱོད་པ་དང་ཀློག་པ་པོ་གང་མང་གིས་སྟེགས་བུ་འདི་བརྒྱུད་ནས་དཔེ་ཀློག་གནང་བཞིན་འདུག




        གངས་ཅན་རིག་མཛོད་བོད་ཡིག་དཔེ་ཀློག་སྟེགས་བུ་འདི་ནི་གཙོ་བོ་གསུང་འབུམ་དང་ཆོས་འབྱུང་། རྩོམ་རིག ལོ་རྒྱུས། གསོ་རིག སྒྲུང་དང་རྣམ་ཐར། ཞིང་འབྲོག་ཀློག་དེབ། བྱིས་པའི་ཀློག་དེབ་བཅས་རིགས་རྣམ་བརྒྱད་དུ་བགོས་ཏེ། གློག་རྡུལ་དཔེ་ཀློག་དང་དཔེ་ཀློག་དཔྱད་བརྗོད། དེ་མིན་ཀློག་པ་པོ་གཞན་དང་ཕན་ཚུན་བགྲོ་གླེང་སོགས་བྱེད་ནུས་ལྡན་པའི་དཔེ་ཀློག་སྟེགས་བུ་ཞིག་ཡིན་ལ། སླད་ཕྱིན་ཀྱང་མུ་མཐུད་ནས་ནང་དོན་དང་བྱེད་ནུས་སོགས་ཕྱོགས་གང་ཅིའི་ཐད་ཕུན་སུམ་ཇེ་ཚོགས་སུ་གཏོང་འཆར་ཡོད་དོ།།


        ཀུན་གྱིས་མཁྱེན་གསལ་ལྟར། གྲངས་འཛིན་དཔེ་སྐྲུན་ནི་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་དཔེ་སྐྲུན་ལས་རིགས་གོང་དུ་སྤེལ་བའི་ཁ་ཕྱོགས་གཙོ་བོར་གྱུར་ཡོད་ལ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་ཆ་འཕྲིན་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། དེ་བས་ཐེངས་འདིའི་དྲ་ཐོག་དཔེ་ཀློག་སྟེགས་བུ་ཡི་སྒོ་འབྱེད་ཀྱིས་སྲོལ་རྒྱུན་དཔེ་སྐྲུན་ལས་རིགས་ལ་རྣམ་པ་གསར་བ་ཞིག་མངོན་པར་བྱས་ཡོད་པ་གདོན་མི་ཟའོ།།