༼བདག་གི་ལས་འགན།༽ བློ་བཟང་ལྷ་མོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ང་རང་དགེ་རྒན་ཞིག་ཡིན་ལ་འོན་ཀྱང་དགེ་རྒན་ཟེར་བ་དེ་ཅི་འདྲ་ཞིག་ཡིན་འོས་པའི་ཐད་ལ་ཡུན་རིང་བོར་བསམ་བློ་ཞིག་བཏང་མ་མྱོང་། ལོ་དང་ཟླ་བའི་རླབས་ཀྱིས་དྲག་ཏུ་དེད་ཅིང་ཡོང་བས་ད་ལྟ་རང་ཉིད་དགེ་རྒན་གྱི་སྟེགས་བུ་འདིའི་སྟེང་དུ་བུད་ནས་ལོ་ལྔ་ལྷག་སོང་། བསམ་བློའི་གྲ་སྒྲིག་ལེགས་པོ་ཞིག་ཀྱང་མེད་པར་དགེ་རྒན་ཞེས་པའི་སྟེགས་བུ་འདིའི་སྟེང་དུ་བུད་པ་ཡིན། ཉིན་ཞིག་གི་དགོང་མོར་ཚོགས་འདུ་འཚོག་དུས་སློབ་གྲྭའི་མགོ་ཁྲིད་ཀྱིས་ང་ཚོ་ལ་དགེ་རྒན་ཞིག་ཡིན་ན་མི་རིགས་ཀྱི་འདུན་མ་བསམ་བློ་གཏོང་མཁན་ཞིག་ཡིན།དགེ་རྒན་ཞིག་ཡིན་ན་ནམ་ཡང་སློབ་མ་ལ་བརྩེ་བ་ལྡན་པ་ཞིག་ཡིན་དགོས། བརྩེ་བ་ནི་ཉི་འོད་དང་འདྲ།བརྩེ་བ་ནི་སྟབས་ཤུགས་ཆེན་པོ་ཞིག་ཡིན། བརྩེ་བའི་སློབ་གསོ་ནི་སློབ་གསོ་བྱེད་པའི་ཐབས་ནང་མཆོག་བ་ཡིན། དགེ་རྒན་ཞིག་ཡིན་ན་དཔེ་ཆ་ཀློག་པར་དགའ་བའི་མི་ཞིག་ཡིན་དགོས།   དགེ་རྒན་ཞིག་ཡིན་ན་ཕྱོགས་ཡོངས་ནས་སློབ་མའི་མིག་དཔེར་འཕེར་བ་ཞིག་ཡིན་དགོས།དགེ་རྒན་ཞིག་ཡིན་ན་སློབ་གསོའི་བྱ་བ་ལ་ཞིབ་འཇུག་བྱེད་པའི་མི་ཞིག་ཡིན་དགོས།ཞེས་གསུངས་པས།། དེའི་རྗེས་སུ་ང་རང་བདག་གི་ལས་འགན་སྐོར་ལ་བསམ་བློ་གཟབ་གཟབ་ཞིག་བཏང་ཡོད། 

        ང་རང་ནི་བོད་ཡིག་དགེ་རྒན་ཞིག་ཡིན་པས་ངེས་པར་དུ་བོད་མི་རིགས་དང་སློབ་མ་ཚོའི་འདུན་ལམ་ལ་བསམ་བློ་གཏོང་དགོས།འཛམ་གླིང་གི་ཡང་རྩེར་གནས་ཤིང་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་བའི་བོད་གངས་ཅན་གྱི་ལྗོངས་འདིར་མེས་པོ་གོང་མ་རྣམས་ཀྱིས་འགྲན་ཟླ་བྲལ་ཞིང་རིན་ཐང་གཞལ་དུ་མེད་པའི་སྐད་དང་ཡི་གེ་འདི་ང་ཚོར་ལེགས་སྐྱེས་སུ་གཏད་ཡོད་མོད། འོན་ཀྱང་དེང་གི་དུས་འདིར་ང་ཚོས་རང་གི་བླ་སྲོག་སྟེ་སྐད་དང་ཡི་གེ་དེ་བོར་དང་འབོར་བཞིན་ཡོད་པ་འདི་ཇི་འདྲའི་ཡིད་སྐྱོ་དགོས་པ་ཞིག་རེད་ཨང་། མི་རིགས་ཤིག་གི་ཆགས་འཇིག་མཚོན་ཐུབ་པའི་སྐད་དང་ཡི་གེ་འདི་ལས་ང་ཚོའི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཤེས་ཐུབ་པར་མ་ཟད་མེས་པོ་སྙིང་སྟོབས་ཅན་དག་གི་ཞུམ་མེད་ཀྱི་སྤོབས་པའང་མཐོང་ཐུབ་པ་ཡིན།

        ཚན་རིག་དང་སྤྱི་ཚོགས་དཔལ་འབྱོར་མྱུར་དུ་འཕེལ་བའི་དུས་འདིར་རང་གཤིས་ལེ་ལོ་དང་སྒྱིད་ལུགས་གི་དབང་དུ་ཤོར་བའི་མི་ཁ་ཤས་དང་མི་རིགས་ལ་བརྩེ་དུངས་མེད་པའི་མི་སྐོར་ཞིག་གིས་མི་རིགས་རང་ཉིད་ཀྱི་ཕ་སྐད་གཙང་མ་འདི་སྣང་མེད་དུ་བསྐྱུར་ནས་གཞན་སྐད་ཁོ་ན་སྨྲ་བ་འཇོན་ཐང་དུ་ངོམ་བཞིན་ཡོད།སྤྱིར་མི་རིགས་གཞན་གྱི་སྐད་རིགས་སྦྱངས་ན་བཟང་མོད། འོན་ཀྱང་རང་གི་ཕ་སྐད་རྩ་་བ་ནས་དོར་ན་རང་གི་ངོ་ཚ་མ་ཡིན་ནམ།།

ང་རང་ནི་བསོད་ནམས་ཆགས་པའི་བོད་པ་ཞིག་ཡིན་པ་མ་ཟད་སྐལ་བ་བཟང་པའི་བུ་མོ་ཞིག་ཡང་ཡིན། གང་ཡིན་ཟེར་ན། ངའི་མི་ཚེ་ཐུང་ཐུང་འདིའི་ནང་བདག་གི་བོད་ཡིག་དགེ་རྒན་དང་འཕྲད་པ་ནི་བདག་གི་སྐལ་བ་བཟང་པོ་ཡིན། བོད་ཡིག་ལ་ཆད་མེད་སྦྱོང་རྒྱུའི་གོ་སྐབས་ལྡན་པ་དང་བོད་ཡིག་དགེ་རྒན་ཞིག་བྱེད་ཐུབ་པའི་ལས་དབང་ནི་བདག་གི་སྐལ་བ་བཟང་པོ་ཡིན།འདི་ཚང་མ་བདག་གི་དགེ་རྒན་གྱི་བཀའ་དྲིན་ཡིན། དགེ་རྒན་ནི་ངའི་མི་ཚེའི་ནང་དུ་ཆེས་བཀའ་དྲིན་ཆེ་བའི་མི་ཞིག་ཡིན། ཁོང་ནི་སྡོང་པོ་ཆེན་པོ་ཞིག་འདྲ་བར།  གྲང་ངར་གྱི་རླུང་བུ་དགག་པར་བྱེད།   ཁོང་ནི་འོད་ཟེར་དང་འདྲ་བར།   ང་རང་མདུན་ཕྱོགས་ཀྱི་ལམ་བུ་སྟོན་པར་བྱེད།    ཁོང་ནི་ངའི་སེམས་ན་ནམ་ཡང་ཟུམ་མེད་ཀྱི་སྒྲོན་མེ་ཚེ་འབར་དེ་ཡིན། རྣམ་དཔྱོད་ཀྱི་རིག་གནས་སློབ་བུ་དག་ལ་སྦྱིན།   ཁོང་ནི་ངའི་སེམས་ཁུང་གི་ཉི་མ་ཡིན།      གྲོང་ཁྱེར་ཁྲ་ཁྲའི་ནང་དུ་མགོ་འཐོམས་མི་འགྲོ་པའང་ཁོང་གི་བཀའ་དྲིན་ཡིན།   གར་ཏེ་ང་རང་བོད་ཡིག་དགེ་རྒན་དང་མ་འཕྲད་ན།    ང་རང་ད་ལྟ་གང་ལ་འདུག་དང་ཅི་བྱེད་འདུག་པ་ངས་ཀྱང་ཤོད་ཐབས་བྲལ།།   

མི་རབས་ནས་མི་རབས་ཇི་ལྟར་འགོར་ཡང་། ལོ་ཟླ་ཇི་ལྟར་འགྱུར་ལྡོག་བྱུང་བའམ་ང་རང་ས་ཆ་གང་དུ་སོང་ཡང་།དགེ་རྒན་གྱི་བཀའ་དྲིན་དང་ང་བོད་པ་ཡིན་པ་གཉིས་བརྗེད་མི་སྲིད།དེ་མ་ཟད་ང་རང་བོད་ཡིག་དགེ་རྒན་ཞིག་ཡིན་པ་དེའི་ལས་འགན་སེམས་ལ་བཞག་དགོས།ང་ཚོའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས“ཁྱོད་ཚོས་བོད་སྐད་བཤད་པར་ངོ་ཚ་ན་མ་བཤད་ན་ཆོག བོད་ལྭ་གྱོན་པ་ངོ་ཚ་ན་དེའང་མ་གོན་ན་ཆོག་མོད། འོན་ཀྱང་ཁྱོད་ཚོའི་ཤ་དང་རུས་པ་ཇི་ལྟར་བྱ་།”ཞེས་པ་དེ་ཡིད་ལ་འཇགས་པར་བྱ་དགོས། དེར་བརྟེན་ང་ཚོས་རང་མི་རིགས་ཀྱི་སྐད་ཡིག་གི་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་པར་བྱེད་པའི་ཐབས་ལམ་ཞིག་བཙལ་ཏེ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་མི་རིགས་རང་གི་སྐད་དང་ཡི་གེ་འདི་ལ་གཅེས་སྤྲས་དང་དར་སྤེལ་དུ་བཏང་ནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་བྱས་ན་རང་མི་རིགས་འདི་བསྐལ་པ་ནས་བསྐལ་བར་གནས་ཐུབ་པ་ཡིན་ནོ།།  

ང་རང་དགེ་རྒན་ཞིག་ཡིན་པར་ངེས་པར་དུ་སྒྲོག་སྤེལ་ཅན་ཞིག་ཡིན། གཞན་ལ་ཆུ་ཐིགས་གཅིག་བྱིན་དགོས་ན་ཐོག་མར་རང་ལ་ཆུ་ཟོ་བ་གང་ཡོད་དགོས།། དེར་བརྟེན་ང་རང་བར་ཆད་མེད་པའི་སློབ་སྦྱོང་དང་དཔེ་ཆ་སྣ་ཚོགས་ཀློག་པའི་འཆར་གཞི་ཡུན་རིང་མོ་ཞིག་ཡོད། དུས་རྒྱུན་དུ་སློབ་སྦྱོང་གི་གོ་སྐབས་ཅུང་ཙམ་ཡོད་ན་ངས་དེ་དམ་འཛིན་བྱེད་བཞིན་ཡོད།།