སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁྲེ་ལི་ཙི་གྲོང་ཆུང་བསྐྲུན་ནས་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ལས་གྲྭའི་ཡུལ་དངོས་ཀྱི་རྣམ་པ།

ཉེ་སྔོན། གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཁྲེ་ལི་ཙི་གྲོང་ཆུང་གི་རྣམ་གྲངས་འཛུགས་སྐྲུན་ས་ཚིགས་ནས་བཟོ་པ་རྣམས་ཐང་ཆེན་དང་སྔོ་ལྗང་ཅན། བགྲོད་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་བཞིན་པ་མཐོང་། ཟླ་6པའི་ཟླ་འགོར་ལས་འགོ་ཚུགས་པ་ནས་མིག་སྔའི་བར་དུ། རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་50%ལེགས་གྲུབ་ཟིན་པ་དང་དུས་ཐེངས་གཉིས་པའི་ལས་གྲྭའི་དུས་འགོའི་ལས་དོན་སྤེལ་བཞིན་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཀུའེ་ཨའོ་•སེམས་ཀྱི་ཉི་ཟླའི་གཞི་གྲངས་ཆེན་པོའི་དབུལ་སྐྱོར་ཐོན་ལས་དཔེ་སྟོན་གླིང་གི་ཁྲེ་ལི་ཙི་འདེབས་འཛུགས་རྟེན་གཞིར་བརྟེན་ནས། ད་ལོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་2000བཏང་སྟེ། རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོའི་ས་ལར་དང་རྟ་ར། ཝུའུ་ནུའུ་བཅས་གྲོང་མིའི་ཚོ་ཆུང་3དུ་གྲོང་ཚོའི་ནང་གི་འགྲོ་ལམ་མཁྲེགས་འགྱུར་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན། བར་ཁྱམས་ཀྱི་ཉམས་འགྱུར་མཐོར་གཏོང་། ཆུ་ལམ་བཅོས་སྐྱོང་དང་སྔོ་འགྱུར་མཛེས་འགྱུར། ར་སྐོར་འཛུགས་སྐྲུན། ཞིང་དུད་ཀྱི་ལྷས་ར་སྒྱུར་བཀོད་བཅས་ཀྱི་ལས་གྲྭ་ལག་ལེན་བསྟར་ནས་ཁྲེ་ལི་ཙི་གྲོང་ཆུང་བསྐྲུན་ཏེ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་ཡོད། ཁྲེ་ལི་ཙི་གྲོང་ཆུང་གི་རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་5ཙམ་ཡོད་ལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གནས་པ་དང་གྲོང་ཁྱེར་གྱི་ལྟེ་བ་དང་བར་ཐག་སྤྱི་ལེ་10ཡོད། བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་དང་བར་ཐག་སྤྱི་ལེ་6ཡོད། རླངས་འཁོར་གྱི་ལམ་ཐག་སྐར་མ་བཅུ་ལས་མེད་པས་འགྲིམ་འགྲུལ་གྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། སྤྱིའི་ཆ་ནས་སྤྲིན་གསེབ་ཀྱི་ཤིང་འབྲས་ཤང་ཞེས་པའི་གྲོང་གསེབ་དང་ཡུལ་སྐོར་མཉམ་འདྲེས་གྲོང་ཆུང་ཞིག་ཏུ་སྐྲུན་པར་བྱས་ནས། གྲོང་གསེབ་དར་རྒྱས་གཏོང་བའི་ཡུན་ནན་གྱི་མ་དཔེ་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་AAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ། ས་མཐོའི་གྲངས་འཛིན་ཞིང་ལས་འཕེལ་རྒྱས་སྔོན་སྐྱོད་ཁུལ་བཅས་བསྐྲུན་རྒྱུ་དེ་འཛུགས་སྐྲུན་གྱི་དམིགས་ཚད་དུ་བྱས་ནས། ཡུལ་སྐོར་སྣེ་ལེན་དང་བོད་ཀྱི་རིག་གནས་འགྲེམས་སྟོན་ཉམས་ལེན། ཞིང་ལས་ཐོན་རྫས་འགྲེམས་ཚོང་། གྲོང་གསེབ་ཀྱི་གཉིས་གཏོད་རུམ་སྐྱེད་ནུས་པ་བཅས་གཞི་གཅིག་ཏུ་འདུས་ཡོད། 

འཛུགས་སྐྲུན་གྱི་ཚོན་ལྡན་དཔེ་རིས།

རྣམ་གྲངས་འཛུགས་སྐྲུན་བྱས་ཚར་རྗེས་གྲོང་ཚོའི་ཁོར་ཡུག་ལེགས་སུ་གཏོང་བ་དང་ཞིང་པའི་ཡོང་འབབ་མང་དུ་གཏོང་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱུང་ཐུབ་པས། སེམས་ཀྱི་ཉི་ཟླར་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་རམ་འདེགས་ཆེན་པོ་ཐུབ་རྒྱུ། སྣེ་འདྲེན་གྱིས་སྐུལ་ཁྲིད་དང་མངགས་ཐོའི་འདེབས་འཛུགས། མཉམ་ལས་གཉེར་སྐྱོང་བཅས་མཉམ་འབྲེལ་གྱི་རྣམ་པ་བརྒྱུད། ཞིང་པའི་རྩ་འཛུགས་མཉམ་ལས་ཅན་དང་རྩ་འཛུགས་ཅན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་པས་ཁྲི་ལི་ཙེའི་ཐོན་ལས་ཁྲོད་མ་རྐང་བཞག་ནས་ཁེ་སྤོགས་བགོ་བ་དང་།     ཐག་ཉེ་ས་ནས་ལས་ཞུགས་བྱེད་པ། ལས་གཏོད་ཧུར་ཐག་བཅས་བྱེད་ཆོག བོད་ཀྱི་ཁྱད་ལྡན་བཟོ་སྐྲུན་དང་གྲོང་མིའི་བྱེད་སྒོའི་ཐང་ཆེན། ཁང་པའི་མདུན་རྒྱབ་དང་། གྲོང་ཚོའི་ཕྱི་ནང་གི་མཛེས་ལྗོངས་ཇུས་འགོད། དེ་བཞིན་གྲོང་ཚོའི་རྣམ་པ་གཅིག་གྱུར་བཅས་ཀྱིས་གྲོང་རྡལ་ཆུང་གྲས་ཀྱི་གྲོང་གསེབ་ཡུལ་སྐོར་སྤུས་ཚད་མཐོ་རུ་བཏང་ནས་མཛེས་སྡུག་དང་སྣོད་བཅུད། འཚོ་སྡོད་བཅས་ལ་འཚམ་པའི་གྲོང་གསེབ་བསྐྲུན་ཏེ་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་ཐུབ་རྒྱུ།