ཞིང་ལྗོངས་ལྔའི་བོད་ཀྱི་གླུ་ཤགས་གཟིགས་འབུལ་སྐབས་དང་པོ་མཚོ་ལྷོ་ནས་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-21   རྩོམ་ཁུངས།    མཚོ་སྔོན་མཚོ་ལྷོ།

        སྤྱི་ཟླ7པའི་ཚེས20ཉིན། སྲིད་པའི་ཤགས་གླུ་རིང་མོ། ཀྲུང་གོའི་གླུ་ཤགས་ཀྱི་དགྱེས་སྟོན།“ཀྲུང་གོའི་ཞིང་ལྗོངས་ལྔའི་བརྙན་འཕྲིན་སྟེགས་བུའི་བོད་ཀྱི་གླུ་ཤགས་གཟིགས་འབུལ་སྐབས་དང་པོ”་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་གཟབ་རྒྱས་ངང་སྤེལ་ཞིང་། བོད་ཀྱི་གླུ་བ་གྲགས་ཅན་རྒན་གུ་རུ་དང་བོད་ཀྱི་གླུ་མ་གྲགས་ཅན་རྒན་འཇིགས་བྱེད་མཚོ།བོད་ཀྱི་གླུ་བ་གྲགས་ཅན་རྒན་གླུ་གར་རྒྱལ་སོགས་གཙོ་བྱས་པའི་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་ཕུལ་བྱུང་གླུ་བ་གླུ་མ་70ལྷགས་གདན་གཅིག་ཏུ་འཛོམས་ཏེ།མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོའི་བོད་ཀྱི་གླུ་ཤགས་ཀྱི་ཐུན་མོང་མ་ཡིན་པའི་རྗོད་བྱེད་ཚིག་གི་གྲུབ་ཆ་དང་བརྗོད་བྱའི་སེམས་ཀྱི་འགྱུར་བ།གླུ་བ་གླུ་མ་ཚོའི་ལུས་ཀྱི་མཉམ་འགྱུར་སོགས་སྒྱུ་རྩལ་གྱི་ཆ་ནས་བསམ་བློ་བརྗེ་རེས་བྱས་པས།ཆེ་བ་ལོ་ན་བདུན་ཅུ་དོན་བཞི་དང་ཆུང་བ་ལོ་ན་བཅུ་གསུམ་སོན་པའི་གླུ་བ་གླུ་མ་ཀུན་ལ་སྔར་མེད་ཀྱི་སློབ་སྦྱོང་གི་གོ་སྐབས་གསར་བ་ཞིག་བསྐྲུན། 




    དམངས་གླུའི་ནང་ཚན་དུ་གྱུར་བའི་གླུ་ཤགས་ཞེས་པའི་བོད་ཀྱི་དམངས་ཁྲོད་ཀྱི་སྒྱུ་རྩལ་འདི་རུ་བོད་མི་རིགས་ཀྱིས་ཕྱི་སྣོད་ཀྱི་འཇིག་རྟེན་ལ་འཛིན་པའི་འཛིན་སྟངས་དང་ནང་བཅུད་ཀྱི་སེམས་ཅན་ལ་འཛིན་པའི་རིག་གནས་ཤིག་རང་བཞིན་གྱིས་གྲུབ་ཡོད་ལ།བོད་མིའི་བདེན་དགེ་མཛེས་གསུམ་གྱི་ལྟ་བ་དང་།ཀུ་རེ་དང་རྩེད་མཚར་གྱི་བསམ་བློ་སོགས་ཀྱང་མ་བཅོས་ལྷུན་གྱིས་གྲུབ་ཡོད། 

    ཐེངས་འདིའི་ཀྲུང་གོའི་ཞིང་ལྗོངས་ལྔའི་བརྙན་འཕྲིན་སྟེགས་བུའི་བོད་ཀྱི་གླུ་ཤགས་གཟིགས་འབུལ་སྐབས་དང་པོ་ལ་ཀྲུང་གོའི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོལ་པུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་།མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་པའི་མཐུན་ཚོགས།མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས།མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ།མཚོ་ལྷོ་ཁུལ་བརྙན་ཕྲིན་ཁང་བཅས་ཀྱིས་འགན་སྒྲུབ་བྱས་པ།གངས་ལྷ་མེ་ཏོག་མི་རིགས་གྱོན་ཆས་ཚད་ཡོད་སྤྱི་གཉེར་ཁང་དང་མཚོ་ལྷོ་ཁུལ་ཅིན་ཡོན་མི་རིགས་བཟོ་རྩལ་མཛེས་རིས་ཚོང་ཟོག་ཚད་ཡོད་ཀུང་ཟི།ཁྲིན་ཏུའུ་སོ་བྷེ་ཨང་ཀིའི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་ཟི་བཅས་ཀྱིས་རོགས་སྒྲུབ་གནང་ནས་གླུ་ཤགས་གཟིགས་འབུལ་གྱི་མགོ་མཇུག་བར་གསུམ་དུ་རིག་གནས་རྒྱུད་འཛིན་དང་རིག་གནས་དར་སྤེལ།ཕན་ཚུལ་སློབ་སྦྱོང་བྱེད་པའི་སྒྱུ་རྩལ་གྱི་གར་སྟེགས་བཟང་པོ་ཞིག་བསྐྲུན། 



    ཉེ་བའི་ལོ་འགའི་རིང་ལ།རིམ་པ་སོ་སོའི་ལས་བྱེད་མི་སྣ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་རྩལ་ལས་བྱེད་པར་བཏོན་པའི་བླངས་བྱ་ལ་སློབ་སྦྱོང་མཐིལ་ཕྱིན་གནང་ཞིང་།རང་རང་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་རྩལ་གྱི་རྣམ་གྲངས་སོ་སོར་སྲུང་སྐྱོང་དང་རྒྱུད་འཛིན།སློབ་སྦྱོང་དང་དར་སྤེལ་བྱས་པས་རིག་རྩལ་གྱི་རྣམ་གྲངས་སོ་སོ་དང་ནང་སྒོས་སུ་བོད་ཀྱི་གླུ་ཤགས་སྒྱུ་རྩལ་འདི་ལ་སྔར་མེད་ཀྱི་གསོན་ཤུགས་རྒྱས་ཡོད། 

    མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བརྙན་འཕྲིན་ཁང་གི་ཐེ་ཀྲང་གཞོན་པའམ་ཐེངས་འདིའི་ཀྲུང་གོའི་ཞིང་ལྗོངས་ལྔའི་བརྙན་འཕྲིན་སྟེགས་བུའི་བོད་ཀྱི་གླུ་ཤགས་གཟིགས་འབུལ་སྐབས་དང་པོའི་སྤྱིའི་འཁྲབ་ཁྲིད་པ་གོང་བ་ནོར་བུ་ཡོན་ཏན་གྱིས་བཤད་རྒྱུར། སྤྱི་ལོ2013ལོ་ནས་བཟུང་ངེད་མཚོ་ལྷོ་བརྙན་འཕྲིན་ཁང་གིས་རྒྱ་ཆེའི་ལྟ་མཁན་རྣམས་ཀྱི་འདོད་མོས་བཞིན་གླུ་ཤགས་ཀྱི་ལེ་ཚན་ཞིག་ཆེད་དུ་སྒྲུབ་མགོ་བརྩམས་པ་ནས་བཟུང་།དུས་ད་ལྟའི་བར་ལོ་ངོ་བདུན་ལྷག་རིང་གི་འཕེལ་རྒྱས་བརྒྱུད་ལྟ་མཁན་ཁྲི་སྟོང་མང་པོ་ཞིག་གིས་ལེ་ཚན་འདི་ལ་དགའ་བསུ་ཚད་མེད་གནང་ཞིང་བསྟོད་པའི་མཐེ་བོང་བགྲེང་།ད་དུང་ཞིང་ཆེན་ཕྱི་ནང་གི་བོད་སྐད་རླུང་བརྙན་འཕྲིན་གྱི་ཕུལ་བྱུང་བརྩམས་ཆོས་ཀྱི་འགྲན་སྡུར་ཁྲོད་དུའང་བྱ་དགའ་རབ་དང་རིམ་པ་ཞིག་བླངས་མྱོང་། ང་ཚོས་མུ་མཐུད་དུ་མི་རིགས་རིག་གནས་ལ་རྒྱུད་འཛིན་དང་དར་སྤེལ་བྱས་ནས་བོད་ཁུལ་གྱི་ཕུལ་ཏུ་བྱུང་བའི་བརྙན་འཕྲིན་ལེ་ཚན་གསར་རྩོམ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གླུ་ཤགས་སྒྱུ་རྩལ་ལ་དགའ་བའི་གླུ་བ་གླུ་མ་འབོར་ཆེན་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་ཐེངས་འདིའི་བོད་ཀྱི་གླུ་ཤགས་གཟིགས་འབུལ་སྐབས་དང་པོ་སྤེལ་བའི་ཐོག་མའི་ཀུན་སློང་ཡིན་ཟེར།