བོད་རིག་པའི་བརྙན་ལམ་རིག་གཞུང་བགྲོ་གླེང་པེ་ཅིང་དུ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-20   རྩོམ་ཁུངས།    མི་དམངས་དྲ་བ།

F202007161405037786702335.jpg

        ཟླ7པའི་ཚེས15ཉིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“བོད་ཀྱི་རིག་གནས་རྒྱུན་འཛིན་དང་ཆོས་ལུགས་དད་མོས་སྐོར་གྱི་རྒྱལ་སྤྱིའི་བརྙན་ལམ་རིག་གཞུང་བགྲོ་གླེང་ཚོགས་འདུ” པེ་ཅིང་དུ་འཚོགས་པ་རེད། ད་ཐེངས་ཀྱི་བརྙན་ལམ་རིག་གཞུང་བགྲོ་གླེང་ཚོགས་འདུ་ནི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས44པའི་སྤྲིན་ཚོགས་ཀྱི་གྲས་ཤིག་རེད། 

        ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་པ་5ཡིས་བཞེད་དོན་གཙོ་བོའི་གཏམ་བཤད་བྱས་པ་སྟེ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ། ཞིབ་འཇུག་པ་གཞོན་པ་ནོར་བུ་བཀྲ་ཤིས་ཀྱིས་བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་རྒྱུན་འཛིན་དང་དར་སྤེལ་གཏོང་ཚུལ་སྐོར་ངོ་སྤྲོད་བྱེད་སྐབས། ཉེ་བའི་ལོ་ཤས་རིང་། མི་རིགས་ཀྱི་གསོ་རིག་ལ་རོགས་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་དང་། བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐད་འཕེལ་རྒྱས་ཆེན་པོ་ཕྱིན་ནས་བོད་ལུགས་གསོ་རིག་ཐད་ཀྱི་ཚན་རིག་ཞིབ་འཇུག་དང་། གནའ་དཔེ་ལེགས་སྒྲིག རྨང་གཞིའི་ཞིབ་འཇུག ནད་ཐོག་སྨན་བཅོས་ཞིབ་འཇུག བོད་སྨན་ཞིབ་འཇུག་སོགས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ཟེར། 

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་རྣམ་རྒྱལ་ཚེ་རིང་གིས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་པ་བསོད་ནམས་རྒྱལ་མཚན་གྱི་སྐོར་གླེང་སྐབས། “མི་རིགས་རིག་གནས་དང་། དམངས་ཁྲོད་བཟོ་རྩལ་རིག་གནས། ཆོས་ལུགས་རིག་གནས། གསོ་རིག་རིག་གནས”བཅས་གཅིག་ཏུ་འདྲེས་པའི་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཏེ་བོད་ཀྱི་སྨན་འདམ་གྱི་ཞལ་འབག་དང་སྐུ་འདྲ་རྒྱུན་འཛིན་བྱས་པར་བརྟེན། མི་སྔར་བས་མང་པོར་བོད་ཀྱི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་མོ་ཡིན་པ་ཤེས་པར་བཅུག་ཡོད་ལ། རང་རྒྱལ་གྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་དར་སྤེལ་ཁྲོད་ཀྱི་འབྲེལ་ཡོད་སྲིད་ཇུས་དང་། ཐོན་ལས་རྒྱབ་སྐྱོར། རྒྱུན་འཛིན་པ་གསོ་སྐྱོང་བཅས་ཀྱི་ཐད་ལ་འབད་བརྩོན་བྱས་པར་སྔར་བས་ཤེས་རྟོགས་བྱེད་ཐུབ་པར་བཅུག་ཡོད་ཟེར། 

        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་ཀྲང་ཉིང་གིས“ཐུན་མོང་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ལ་བརྟེན་ནས་མི་རིགས་ཀྱི་འབྲེལ་བ་ཞི་མཐུན་ལ་སྐུལ་འདེད་གཏོང་བ་སྟེ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཞི་རིམ་ལྟ་ཞིབ་”ཅེས་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ནང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མི་རིགས་མང་པོ་འདྲེས་སྡོད་དང་རིག་གནས་མང་པོ་མཉམ་གནས་ཀྱི་ས་ཁུལ་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཡང་དག་པའི་མི་རིགས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་རྒྱབ་སྐྱོར་འོག མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྟེན་མི་རིགས་མི་འདྲ་བའི་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པ་དང་། འདྲ་མཉམ་ངང་ཁེ་དབང་ཁག་ལོངས་སྤྱོད་དང་། ཐུན་མོང་ཐོག་གོང་འཕེལ། དར་རྒྱས་མཉམ་སྤྱོད་བཅས་བྱེད་བཞིན་ཡོད་པ་བསྟན། 

        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་ལས་རོགས་ཞིབ་འཇུག་པ་ཝུའེ་ཝུན་གྱིས“ཆོས་ལུགས་ཞི་མཐུན”གྱི་བཞེད་དོན་གཙོ་བོའི་གཏམ་བཤད་ནང་། ད་ཐེངས་གློ་བུར་དུ་བྱུང་བའི་འཛམ་གླིང་ཡོངས་ལ་ཁྱབ་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་མདུན་དུ། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་མཚོན་ཡོད་པ་སྟེ། སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་དང་མཉམ་དུ། བྱ་སྤྱོད་ཧུར་ཐག་གིས་སྤེལ་བ་སྟེ། ཚན་རིག་ལ་བརྩི་མཐོང་དང་སྔོན་འགོག་ཚོད་འཛིན་ལ་མཐོང་ཆེན་བྱས་ནས། རྒྱལ་གཅེས་རྒྱལ་སྐྱོང་དང་། ཁྱོན་ཡོངས་ལ་བསྟུན་ཐབས། ཕན་ཚུན་རོགས་རེས་བཅས་བྱེད་པའི་བླ་ན་མེད་པའི་སྙིང་སྟོབས་མཚོན་ཞིང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཟེར། 

        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཁང་གི་ལས་མི་ལི་ཧུའེ་ཡིས“སེམས་ཀྱི་ཉི་ཟླའི་ཞི་མཐུན་དང་ཆོས་ལུགས་མཐུན་སྦྱོར”གྱི་བཞེད་དོན་གཙོ་བོའི་གཏམ་བཤད་ནང་། བདེ་ཆེན་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་དེ་ཡིན་པ་དང་། སེམས་ཀྱི་ཉི་ཟླའི་མཚན་སྙན་འཛམ་གླིང་ཀུན་ལ་ཁྱབ་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཁག་གིས་རོགས་སྐྱོར་བྱས་པ་བརྒྱུད་བདེ་ཆེན་ཁུལ་གྱིས་དེ་སྔའི་དབུལ་ཕོངས་རྗེས་ལུས་ནས་ད་ཆར་དཔལ་འབྱོར་དང་རིག་གནས་དར་རྒྱས་དང་། མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན། ཆོས་ལུགས་ཞི་མཐུན། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས། སྐྱེ་ཁམས་ཁོར་ཡུག་ལེགས་འགྱུར། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་བཅས་བྱུང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་འཕུར་མཆོང་མངོན་འགྱུར་བྱུང་ཡོད་པ་བསྟན། 

        ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དགྲ་འདུལ་གྱིས་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་བཅས་ཀྱི་འགན་འཁུར་བློ་མཐུན་དང་། ཀྲུང་གོ་དང་། ནེ་པ་ལ། ཨོ་སི་ཁྲུ་རི་ཡ། དབྱི་ཐ་ལི། ཧྥ་རན་སེ་སོགས་ཀྱི་རིགས་གཅིག་མཁས་པ50ཙམ་གྱིས་དྲ་ཐོག་ནས་ཚོགས་འདུར་ཞུགས་ཡོད།   །