ཁེ་མེད་གྲགས་མེད་ངང་རབ་ཏུ་བཞད་པའི་མེ་ཏོག་གཞོན་ནུ།

རྩོམ་པ་པོ།   སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2020-07-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       2011ལོར་དངོས་གཞི་སློབ་མཐར་ཕྱིན་རྗེས།     ང་རང་བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་གི་བོད་ཡིག་དགེ་རྒན་དཀྱུས་མ་ཞིག་ཏུ་གྱུར་ཞིང་།   མ་ཡུམ་སློབ་གྲྭའི་དགེ་རྒན་ཞིག་ཏུ་འགྱུར་བ་ནི་ངའི་ཡུན་རིང་བོར་རེ་སྒུག་བྱས་པའི་ཕུགས་འདུན་ཞིག་ཀྱང་ཡིན།  བཤད་སྟེགས་སྟེང་དུ་འགྲེང་བའི་ལྷག་བསམ་རྣམ་པར་དག་པའི་སེམས་ཤུགས་ཆེན་པོས་བརྟོས་ལ་ཡང་ཅུང་ཁ་སྐྱེངས་པའི་ཉམས་འགྱུར་དེ་ནི་ཁ་སང་གི་གཏམ་རྒྱུད་ཅིག་དང་མཚུངས།སློབ་ཁྲིད་ཀྱི་ཉམས་མྱོང་ཞན་པ་ནས་ཅུང་ཕུན་སུམ་ཚོགས་པོར་གྱུར་པའི་བརྒྱུད་རིམ་ཁྲོད་བསམ་མེད་ཚོར་མེད་ངང་བགྲང་བྱ་བདུན་གྱི་དུས་ཚོད་ཕྱིན་སོང་།    རང་ཉིད་ཀྱི་སློབ་ཁྲིད་ལམ་བུར་ཕྱིར་བལྟ་ཅིག་བྱེད་དུས།    དགའ་སྐྱོ་འདྲེས་མས་བྱུགས་ལ།ཕྲ་ཆུང་གི་མྱུ་གུ་ཞིག་སྐྱེས་སྟོབས་འབར་བའི་སྡོང་རྒན་ལ་འགྱུར་བ་དང་མཚུངས་པར།  སྡོང་བོའི་ལོ་རིས་རེ་རེའི་སྟེང་དུ་ངའི་རྗེས་ཤུལ་བཀོད་ཡོད་ལ།   ལོ་མ་རེ་རེའི་སྟེང་དུ་ངའི་འདས་སོང་གི་ལོ་རྒྱུས་བཀོད་ཡོད།   བགྲང་བྱ་བདུན་གྱི་དུས་ཚོད་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྱི་ཆུ་ཐིགས་ཙམ་ཡིན་ཡང་།   ང་རང་ཉིད་ལ་མཚོན་ན་གསེར་ལས་ལྷག་པའི་དུས་སྐབས་ཅིག་ཡིན།   ལོ་འདི་དག་གི་རིང་ལ། ངས་འབད་བརྩོན་བྱེད་ཞོར།   བསམ་ཞིབ་བྱེད་ཞོར།    ཕྱོགས་སྡོམ་བྱེད་ཞོར།    གྲུབ་འབྲས་ལེན་ཞོར།   དགའ་སྐྱོ་འདྲེས་མར་རོལ་ཞོར།   རྒྱལ་ཁ་དང་ཕམ་ཁ་མཉམ་ལེན་བྱེད་ཞོར་སློབ་ཁྲིད་ཀྱི་ལམ་བུ་འདི་བརྒྱུད་ཡོང་པ་ཡིན།    འདིའི་ཁྲོད་དུ་གྲུབ་འབྲས་བགྲང་གིས་མི་ལངས་བ་ཞིག་བླངས་ཡོད་པར་བརྗོད་དཀའ་ནའང་། གོམ་པ་རེ་རེ་བཞིན་བརྟན་ཞིང་བརླིང་བར་གོར་མ་ཆག

       ང་རང་ཉིད་སློབ་མཐར་ཕྱིན་རྗེས་ཕྱིར་མ་ཡུམ་སློབ་གྲྭར་དགེ་རྒན་བྱེད་ཐུབ་པ་ནི་སྟབས་ལེགས་པས་ཡིན་ལ།    སློབ་གྲྭའི་རྭ་སྐོར་ནི་ང་ལ་མཚོན་ན་ཇི་འདྲའི་དྲིན་ཆེ་བ་ཞིག་ལགས།    དགེ་རྒན་མང་ཤས་ནི་སྔོན་ཆད་ང་ལ་སློབ་ཁྲིད་བྱས་མྱོང་བ་རྐྱང་རྐྱང་ཡིན། དེ་ལས་ཀྱང་གླེང་འོས་པ་ཞིག་ནི་ངའི་མཐོ་འབྲིང་སྐབས་ཀྱི་ཆེའི་བཙན་པོའི་ཆབ་སྲིད་དགེ་རྒན་ཡང་རང་ཉིད་ཀྱི་གྲོགས་པོ་ལྟ་བུར་གྱུར་ནས་མཉམ་དུ་ཁ་བརྡ་བྱེད་པ་དང་།སྤོ་ལོ་བརྩེ་བ་སོགས་དྲན་པོའི་གཞུ་མོར་ལྷང་ངེར་གསལ།

       དེ་ལས་ཀྱང་སྟབས་ལེགས་པ་ཞིག་ནི་ང་རང་རང་གི་ཕ་སྐད་ཀྱི་ལམ་ནས་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན་ཞིག་ལ་གྱུར་པ་དེའོ།།    ཞང་སྟོན་བསྟན་པ་རྒྱ་མཚོ་ལགས་ནས་སྐད་རིགས་ཐམས་ཅད་ཤེས་ན་བཟང་མོ་ཀྱང་།    རང་གི་ཕ་སྐད་བརྗེད་ནི་ངོ་ཚ་ཡིན་ཞེས་གསུངས་ཡོད་ལ།   དེས་སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་ཡིན་པའི་བློ་བསམ་མཚོན་ཡོད་པས།   ང་རང་ཉིད་བོད་ཡིག་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཕྲག་སྟེང་གི་འགན་འཁྲི་ལྗིད་མོ་དེ་ཚོར་བྱུང་། སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་དུ་སློབ་སྦྱོང་གི་རྒྱུགས་སྐར་མཐོ་དམའ་ལས་སློབ་མའི་ཕ་སྐད་ཀྱི་བརྩེ་སེམས་གསོ་སྐྱོང་བྱེད་བཞིན་ཡོད་ལ།     སློབ་མ་རྣམས་ཀྱིས་བོད་ཡིག་སྦྱང་པའི་བརྩོན་སེམས་མཐོང་རྗེས་སེམས་གཏིང་ནས་བརྗོད་དུ་མེད་པའི་སྤྲོ་བས་ཁེངས་ཡོང་།སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་དཀའ་ཁག་གང་མང་ཞིག་ལ་འཕྲད་མྱོང་ཡང་།    ལས་གྲོགས་རྣམས་ཀྱི་རོགས་རམ་འོག་དུ་དཀའ་ངལ་ཁག་རེ་རེ་སེལ་ཐུབ་སོང་།   དཀའ་ངལ་འདི་དག་ནི་ངའི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་གཞལ་དུ་མེད་པའི་རྒྱུ་ནོར་ཆེན་པོ་དེ་ཡིན་ལ།ངས་རྒྱུན་འཁྱོངས་ལྷོད་མེད་ཀྱི་བརྩོན་སེམས་དང་།   འབད་བརྩོན་ལྷུར་ལེན་གྱི་རང་གཤིས་གསོ་སྐྱོང་བྱེད་བཞིན་ཡོད།  སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་རྒྱུན་ལྡན་དང་དྲན་ཚོར་གྱི་སེམས་པས་སློབ་མ་ཚོ་དང་མཉམ་དུ་ནར་སོན་པར་བརྩོན་གྱི་ཡོད་ལ།   མཉམ་དུ་ཡར་ཐོན་ཡོང་བ་བཅས་ཀྱིས་སློབ་མ་གསོ་སྐྱོང་བྱ་རྒྱུ་ནི་རང་ཉིད་ཀྱི་མི་ཚེའི་གྲུབ་ཆ་གཙོ་བོར་བཞག་ནས་འབད་བརྩོན་བྱེད་ཀྱིན་ཡོད།

བོད་ཡིག་དགེ་རྒན་གྱི་དཔུང་ཁག


        སློབ་མ་རེ་རེ་ནི་མེ་ཏོག་གི་མྱུ་གུ་རེ་རེ་ཡིན་ལ།    མྱུ་གུ་རེ་རེར་རང་ཉིད་བཞད་པའི་དུས་མཚམས་རེ་ཡོད་ངེས།ཁ་ཤས་ལམ་སེང་འདབ་བརྒྱ་ལྷུག་པར་གྲོལ་ལ། ཁ་ཤས་གྲགས་འགུལ་མེད་པར་ཡན་གྱིས་བཞད་ངེས།   གང་ལྟར་མྱུ་གུ་ཞིག་ཡིན་གཤིས་རྩ་བ་འབུས་ནས་མེ་ཏོག་བཞད་ཐུབ་པ་ནི་སྨྲས་མེད་རེད།      དེ་བཞིན་སློབ་ཕྲུག་གསོ་སྐྱོང་བྱེད་པའི་ང་ཚོར་མཚོན་ནའང་དེ་འདྲ་ཅི་ལ་མིན།    རྒྱུན་རིང་བའི་སློབ་ཁྲིད་ཀྱི་ལམ་བུ་དེའང་མྱུ་གུ་འབུས་ནས་མེ་ཏོག་བཞད་པའི་ལམ་བུ་ཞིག་ཡིན་སྲིད།  ཉི་འོད་ཀྱི་དྲོད་ཐིགས་དང་སྦྲང་ཆར་བསིལ་མའི་བྱམས་བརྩེའི་ཁྲོད་རང་བྱུང་ཁམས་ཆེན་པོའི་པང་ནས་ཁེ་མེད་གྲགས་མེད་ངང་སློབ་ཕྲུག་ཚོ་དང་མཉམ་དུ་སྐྱེ་སྟོབས་ཀྱི་དཔལ་ལ་རོལ་བར་འདོད།

       དགེ་རྒན་ནི་རླབས་ཆེན་བའི་ལས་རིགས་ཞིག་ཡིན་པས་ང་རང་ཉིད་ཀྱི་་སེམས་གཏིང་ནས་འདི་ལ་དགའ་བ་དང་བརྩེ་སེམས་ཟབ་མོ་བཅངས་ཡོད།།