འཛམ་གླིང་སྤྱི་བསང་དང་གླིང་ཁ་གཏོང་སྲོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-06   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

    ལོ་སྟོང་ཕྲག་གཅིག་ལྷག་ཙམ་སྔོན་དུ་སྤྲེལ་ཟླ་སྟེ་ཟླ་ལྔ་པར་གུ་རུ་པད་མ་འབྱུང་གནས་ཀྱིས་ལྷ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས་ཤིང་ལས་བསྐུལ་ནས་བསམ་ཡས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་བྱུང་བའི་དགའ་སྟོན་དང་འབྲེལ་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཀུན་ལ་གཏང་རག་ཏུ་ཧས་པོ་རིའི་རྩེར་སངས་མཆོད་རྒྱ་ཆེ་གཟབ་རྒྱས་གནང་བའི་རྗེས་དྲན་དུ་དེ་སྔའི་ས་གནས་སྲིད་གཞུང་ནས་གནས་ཆུང་དང་དགའ་གདོང་སོགས་སྤྱན་འདྲེན་ལུང་ཞུ་བྱེད་པ་དང་དབྱར་གསོལ་སྟབས་བསྟུན་གྱིས་ལས་ཁུངས་རྣམས་ཀྱང་གླིང་ཁ་ཉིན་གསུམ་ནས་ལྔའི་བར་གཏོང་སྲོལ་ཡོད་པ་རེད།

      དུས་དེར་ས་མཐོར་དབྱར་གྱི་དཔལ་ཡོན་རབ་ཏུ་བཞད་པ་སྟེ། ལྗོན་ཤིང་ལོ་འདབ་རྒྱས་ཤིང་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་ལ། བྱ་དང་བྱིའུ་ཚོགས་སྙན་པར་སྒྲོག་པ་སོགས་ནམ་ཟླ་དྲོ་ཞིང་སྐྱིད་པའི་དུས་ཡིན་པས་དབུས་གཙང་གི་ཁྱོན་ཀུན་ཏུ་ཡུལ་ལྷ་གཞི་བདག་ལ་གསོལ་མཆོད་བྱེད་པ་དང་། ལྷ་སར་ཆ་མཚོན་ན། རི་རྩེ་དང་གླིང་སྐོར་སོགས་ལ་བསང་གསོལ་བྱེད་པ་དང་། དེ་ནས་བཟུང་ཉེ་འཁོར་གླིང་ཁ་ཁག་གི་ནང་དུ་གུར་དང་བྱ་གཡབ། རས་ཡོལ་སོགས་བཏང་ནས་རོ་བརྒྱའི་ཟས་ལ་ལོངས་སྤྱོད་ཅིང་སྙན་པའི་གླུ་དང་དགའ་བའི་གར་ལ་རོལ་བཞིན་རང་རང་གི་འབྱོར་པར་གཞིགས་ཏེ་ཉིན་རེ་གཉིས་སམ་བདུན་བརྒྱད་ཙམ་སྡོད་མཁན་ཡང་ཡོད། ལྷག་པར་དུ་བོད་ཟླ་ལྔ་པའི་ཚེས་བཅོ་ལྔའི་ཉིན་མོ་ནི་འཛམ་གླིང་སྤྱི་བསང་ཞེས་དུས་ཆེན་དངོས་གཞི་ཡིན་པས་གྲོང་ཁྱེར་ཤར་ངོས་ཀརྨ་ཤག་གླིང་ཁའི་ནང་དུ་ཀརྨ་ཤག་ཆོས་སྐྱོང་དང་རགས་བརྒྱབ་བཙན་ཁང་གི་ཆོས་སྐྱོང་གཉིས་སྤྱན་འདྲེན་ཞུས་ཏེ་ལྷ་ཕབ་ཀྱི་ཡོད་པ་རེད།