འབྲི་གུང་སྤོས་བཟོའི་ལག་རྩལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-01   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        འབྲི་གུང་སྤོས་ཀྱི་ཐོག་མའི་ཐོན་ཡུལ་ནི་བོད་ལྗོངས་མལ་དྲོ་གུང་དཀར་རྫོང་མོན་པ་ཤང་ཁོངས་ཀྱི་འབྲི་གུང་དགོན་པ་ཡིན། དགོན་དེ་ནི་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་ལྷ་ས་གྲོང་ཁྱེར་ནས་སྤྱི་ལེ་༧༠ལྷག་ཙམ་སར་ཆགས་ཡོད། དེ་ཡང་འབྲི་གུང་ནི་ལོ་རྒྱུས་ཡུན་རིང་ལྡན་ཅིང་ཕུལ་བྱུང་གི་རིག་གནས་བང་མཛོད་ཅིག་དང་། གནའ་ཤུལ་གྲགས་ཅན་མང་ཞིང་སྙན་གྲགས་འཛམ་གླིང་གང་སར་ཁྱབ་ཡོད་པ་ཞིག་ཡིན།ཡོན་རྒྱལ་རབས་ཀྱི་དུས་སྐབས་ཀྱི་འབྲི་གུང་ནི་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཞིག་ཡིན་ཞིང་། བོད་ལྗོངས་ཀྱི་ལོ་རྒྱུས་ཁྲོད་དུ་གོ་གནས་ངེས་ཅན་བཟུང་ཡོད། དེས་མ་ཟད་འབྲི་གུང་དགོན་པ་ནི་བོད་རྒྱུད་ནང་པའི་གྲུབ་མཐའ་བཞི་ཡི་བྱེ་བྲག་འབྲི་གུང་བཀའ་རྒྱུད་པའི་མ་དགོན་ཡིན། སྔོན་གྱི་དུས་ན་དགོན་དེར་རྣམ་དཀར་དགེ་བའི་ལས་ལ་བརྩོན་པའི་དགེ་འདུན་པ་ཁྲི་ཚོ་བཅུ་གསུམ་ཙམ་ཚོགས་པའི་ལོ་རྒྱུས་ཡོད།

        འབྲི་གུང་ནི་ཆུ་བོའི་ཐོན་ཁུངས་བཟང་བ་དང་། གནམ་གཤིས་དྲོ་དྲང་སྙོམ་པ། ཐོན་ཁུངས་ཕུན་སུམ་ཚོགས་པའི་གནས་མཆོག་ཅིག་ཡིན་ལ། སྙན་པའི་བ་དན་ཕྱོགས་བཞིར་ཁྱབ་བའི་འབྲི་གུང་སྤོས་ནི་འབྲི་གུང་བཀའ་རྒྱུད་ཀྱི་སྲོལ་འབྱེད་པོ་སྐྱོབ་པ་འཇིག་རྟེན་མགོན་པོ་མཆོག་གི་ཡན་ལག་བདུན་པའི་འགྲུབ་མཛད་ཀྱི་གསང་བའི་བཅོས་ཐབས་ཀྱི་རྨང་གཞིའི་ཐོག་བོད་ལུགས་གསོ་རིག་མཁས་ཅན་གྱིས་སྨན་སྦྱོར་ལག་རྩལ་ཟུང་དུ་སྦྲེལ་ཏེ་རྩ་ཆེན་སྐྱེ་དངོས་ཀྱིས་ཉེར་ལེན་རྒྱུ་ཆ་བྱས་པ་དང་། བཟོ་རྩལ་ཞིབ་ཚགས་པ། རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས་བཟོས་པ་ཞིག་ཡིན་པས། འབྲི་གུང་གི་སྤོས་ནི་འཁོར་ཡུག་གང་དུ་བེད་སྤྱད་ཀྱང་ཆོག་ཏེ། སྤོས་དེ་རིགས་ནི་དྲི་ཞིམ་པོ་ཡོད་པ་མ་ཟད། འཆམ་ནད་ཀྱི་རིགས་ཐ་དག་དང་འགོས་ནད་རང་བཞིན་གྱི་ནད་རིགས་ཁག་ལ་སྔོན་འགོག་བྱེད་པར་དམིགས་གསལ་གྱི་ཕན་འབྲས་བཟང་པོ་ཐོན་གྱི་ཡོད།

        འབྲི་གུང་སྤོས་ཀྱི་བཟོ་རྩལ་རྒྱུད་རིམ་ནི་རྙོག་འཛིང་ཆེན་པོ་ཡིན་ཏེ་བཟོ་རྩལ་གྱི་ལས་རིམ་རེ་རེ་ལ་ལག་རྩལ་གྱི་ཆུ་ཚད་མཐོ་པོ་དགོས་པས་སྤུས་ཚད་ཐད་རྒྱུན་སྤྱོད་སྤོས་གཞན་གྱིས་བསྡུར་ཐབས་མེད། དེ་མ་ཟད་སྤོས་ཐོན་སྐྱེད་བྱེད་པའི་ལག་རྩལ་དེ་རིགས་ནི་བོད་ཀྱི་ངལ་རྩོལ་མང་ཚོགས་ཀྱི་ཐུན་མིན་བློ་གྲོས་ལས་ཐོན་པ་ཞིག་ཡིན་པས་དེང་རབས་སྔོན་ཐོན་ལག་རྩལ་གྱིས་ཚབ་བྱེད་མི་ཐུབ་ལ། དོན་དམ་དུ་ལག་རྩལ་དེ་རིགས་ལ་ཚན་རིག་ལག་རྩལ་གྱི་ཁྱད་ཆོས་ལྡན་ཡོད་པ་ཞིག་ཡིན་པས་རིན་ཐང་ཆེ་ཞིང་ངོ་མཚར་གྱི་ལོ་རྒྱུས་ཤུལ་བཞག་ཅིག་ཡིན་པ་བརྗོད་མེད་རེད།

        འབྲི་གུང་བོད་སྤོས་ཀྱི་བཟོ་རྩལ་གྱི་བརྒྱུད་རིམ་ངོས་ནས་བཤད་ན། དང་ཐོག་མར་སྨན་ནུས་ལྡན་པའི་རྒྱུ་ཆ་དག་འཚོལ་བསྡུ་བྱས་ནས་མེ་དང་ཆུའི་ཐབས་ལ་བརྟེན་ནས་རྒྱུ་ཆ་གཙང་སེལ་བྱས་ནས་སྨན་ནུས་ཆེ་རུ་གཏོང་བ་དང་དུག་གནོད་ཆུང་དུ་གཏོང་གི་ཡོད། དེ་རྗེས་རྒྱུ་ཆ་གཙོ་བོ་ཤུག་པ་དག་ཆུ་འཁོར་གྱིས་ཞིབ་ཞིབ་བཟོ་བ་དང་། རང་བྱུང་གྱི་བོད་སྨན་གྱི་རྒྱུ་ཆ་དང་རང་བྱུང་གི་རི་སྐྱེས་རྫས་ཁ་ཤས་མཉམ་དུ་སྡེབ་སྦྱོར་བྱས་ཏེ་ཕྱེ་མར་གཏོང་བ་དང་། ཕྱེ་མར་བཏང་ཟིན་པའི་རྒྱུ་ཆ་དག་ཚད་གཞི་ངེས་ཅན་གྱི་ཆུ་དང་མཉམ་དུ་བསྲེས་ནས་དུས་ཚོད་གདང་ངེས་མཉམ་དུ་བསྙལ་ནས་བཞག་དགོས། མཇུག་ཏུ་བསྙལ་ཟིན་པའི་ཕྱེ་མ་དག་ལག་པས་སྤོས་བཟོའི་ལག་ཆ་བཀོལ་ནས་གཞི་ནས་སྤོས་བཟོ་གི་ཡོད། ལས་སྣོན་བྱས་ཟིན་པའི་བོད་སྤོས་དག་ངེས་པར་དུ་གྲིབ་སྐམ་གཏོང་དགོས་ལ། གྲིབ་སྐམ་ཉིན་གཉིས་ནས་གསུམ་བར་བཏང་རྗེས། དགོན་པའི་ནང་གི་བླ་མའི་གམ་ནས་རབ་གནས་ཞུ་དགོས་པ་དང་། བླ་མའི་བྱིན་རླབས་ཞུས་ཟིན་རྗེས་ཐུམ་སྒྲིལ་རྒྱབ་ནས་སྤུས་འཚོང་བྱས་ཆོག

འབྲི་གུང་སྤོས་ཀྱི་སྤོས་བཟོའི་རྒྱུ་ཆའི་ངོས་ནས་བཤད་ན། ཙན་དན་དཀར་པོ་དང་ཙན་དན་དམར་པོ། གུ་གུལ། ག་བུར། ཁ་ཆེ་ཤ་སྐམ། ཀ་ཀོ་ལ། སྤང་རྩི། ལི་ཤི ཤིང་མངར། ཨ་རུ། བ་རུ་ར། འོམ་བུ། པུ་ཀར་མུ་ལ། ཤུ་དག་ནག་པོ། དྲི་ཞིམ་སྟག་མ་མེ་ཏོག་ལ་སོགས་ཡོད། འབྲི་གུང་སྤོས་ཀྱི་འབྲེལ་ཡོད་ཀྱི་ཡོ་བྱད་གཙོ་བོ་ནི་བོད་སྨན་གྱི་རྒྱུ་ཆ་དག་ཞིབ་བཟོ་བྱེད་པའི་ཆུ་འཁོར་དང་། རྒྱུ་པགས་པ་ལས་གྲུབ་པའི་ཞིབ་བཟོས་ཕྱེ་མའི་སྣོད། རྒྱུ་ཆ་ཚད་གཞི་འཛིན་བྱེད་གནའ་རབས་བོད་ཀྱི་རྒྱ་མ(ཉ་ག)  དྲི་ཞིམ་གྱི་སྨན་སྣ་བསྙོལ་སའི་རྡོ་གཞོང་། བོད་སྤོས་སྦོམ་ཕྲ་གཏོང་བའི་ཁུང་བུ་ཡོད་པའི་རྭ་ཅོ་བཅས་དགོས་ཀྱི་ཡོད།

        འབྲི་གུང་སྤོས་ཀྱི་ཁྱད་ཆོས་ངོས་ནས་བཤད་ན། འབྲི་གུང་བོད་སྤོས་ཀྱི་ཐོག་མའི་རྒྱུ་ཆ་ཚང་མ་རང་བྱུང་ཁམས་ཀྱི་ལྷད་མེད་རྒྱུ་ཆ་ཤ་སྟག་སྟེ། བསྐྱར་སྐྱེས་ཐུབ་པའི་རྩི་ཤིང་དག་གིས་རྒྱུ་ཆ་བྱེད་པ་མ་གཏོགས། ནམ་ཡང་སྲོག་ཆགས་དང་རྫས་འགྱུར་གྱི་དངོས་པོ་དག་གིས་རྒྱུ་ཆ་བྱེད་ཀྱི་མེད་ལ། འབྲི་གུང་སྤོས་གཙོ་བོ་འབྲི་གུང་ཆོས་རྗེ་ལ་སོགས་འབྲི་གུང་བཀའ་བརྒྱུད་གྲུབ་མཐའི་བླ་མ་རྩ་ཆེན་དག་ལ་ཆོས་རྫས་སུ་ཕུལ་བ་ལས། གཞི་རྒྱ་ཆེ་བའི་བེད་སྤྱོད་བྱེད་པར་ཚད་དང་ལྡན་པ་ཞིག་ཡིན། སྤོས་དེ་ནི་ཧ་ཅང་ཕྲ་པོ་དང་། གཉེན་པོ། གཙང་མ། གས་སྲུབས་མེད་པ། ལོ་མང་སོང་ཡང་འཕྲོ་བརླགས་སུ་མི་འགྲོ་བ་བཅས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་ཡོད།

        འབྲི་གུང་སྤོས་ཀྱི་རིན་ཐང་ངོས་ནས་བཤད་ན། གཅིག་ལོ་རྒྱུས་ཀྱི་རིན་ཐང་། འབྲི་གུང་བོད་སྤོས་ཀྱི་ཐོན་སྐྱེད་ལ་ལོ་ངོ་༨༠༠ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་དང་། དོན་དངོས་སུ་འབྲི་གུང་བོད་སྤོས་ད་བར་དུ་འཕེལ་རྒྱས་འདི་ལྟ་བུ་འགྲོ་ཐུབ་པ་ཡང་འབྲི་གུང་བཀའ་བརྒྱུད་གྲུབ་མཐའ་ཁྱབ་སྤེལ་ཕྱིན་པ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན། དེར་བརྟེན་འབྲི་གུང་བཀའ་བརྒྱུད་གྲུབ་མཐའ་དང་འབྲི་གུང་བོད་སྤོས་བཟོ་བའི་ལག་རྩལ་ལ་ཞིབ་འཇུག་བྱས་ན་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད། གཉིས། སྨན་བཅོས་ཀྱི་རིན་ཐང་། འབྲི་གུང་བོད་སྤོས་ནི་རྒྱུ་ཆ་སྤུས་གཙང་དང་ལག་རྩལ་རྩེར་སོན་གྱི་ཐབས་ལས་བཟོས་པ་ཞིག་ཡིན་པ་མ་ཟད། དེས་ནད་ཀྱི་མུ་གེ་སེལ་བ་དང་། མིའི་ལུས་པོའི་དྲི་ངད་དག་རྙིང་ཚབ་གསར་བརྗེ་ཐུབ་པ། ལུས་པོའི་རིམ་འགོག་ནུས་པ་མཐོ་རུ་འགྲོ་རྒྱུར་ཕན་པ། མཁའ་དབུགས་གཙང་སེལ། ནད་འབུ་གསོད་པ་དང་དུག་སེལ་བྱེད་ཐུབ་པ། འགོས་ནད་རང་བཞིན་གྱི་ནད་རིགས་ལ་ཕན་འབྲས་ཤིན་ཏུ་ཆེ་བ་བཅས་ཡོད། གསུམ། བཟོ་རྩལ་གྱི་རིན་ཐང་། འབྲི་གུང་བོད་སྤོས་ཀྱི་ཐོན་སྐྱེད་བྱེད་པའི་བྱ་རིམ་རྙོག་འཛིང་ཆེ་ཞིང་། བྱ་རིམ་སོ་སོར་ཡང་རེ་བ་ནན་པོ་ཡོད། ཐོན་སྐྱེད་བྱ་སྟངས་དེ་ནི་བོད་རིགས་ངལ་རྩོལ་མི་དམངས་རྣམས་ཀྱིས་ཡུན་རིང་གི་ངལ་རྩོལ་ནང་གྲུབ་པའི་བློ་གྲོས་ཀྱི་ཉིང་བཅུད་ཅིག་ཡིན་པས་དེང་རབས་ཀྱི་ལག་རྩལ་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན། བཞི། དཔལ་འབྱོར་གྱི་རིན་ཐང་། མིག་སྔར་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཁྱབ་སྤེལ་གཏོང་རྒྱུར་མཐོང་ཆེན་དང་། ས་ཁུལ་རང་ངོས་ཀྱི་དཔལ་འབྱོར་འཕེལ་རྒྱས། ལས་གནས་ཀྱི་གནད་དོན་ཐག་གཅོད། འབྲུ་རིགས་ཀྱི་ཐོན་འབབ་དམའ་བའི་གནད་དོན་སེལ་བ། ཞིང་པའི་ཡོང་འབབ་ཕར་སྣོན་ཡོང་རྒྱུར་ཕན་པ། ཁྲོམ་རའི་དགོས་མཁོ་སྐོང་ཐུབ་རྒྱུར་ཕན་ནུས་བཟང་པོ་ཐོན་པ། ཕྱི་དངུལ་གཙང་ལོན་ཐུབ་པ་སོགས་ཀྱི་ཐད་ལ་ཕན་འབྲས་བཟང་པོ་ཐོན་ཐུབ་པ་བྱུང་ཡོད་ལ། དེང་རབས་དཔལ་འབྱོར་གྱི་བཀག་རྒྱ་ངེས་ཅན་ཐེབས་ཡོད་དེ། ཀྲུང་གོའི་དཔལ་འབྱོར་སྒྲིག་སྲོལ་ལམ་ལུགས་བསྒྱུར་བཅོས་བྱས་པ་དང་དེང་རབས་ཐོན་སྐྱེད་བྱེད་སྟངས་དར་ཁྱབ་བྱུང་བ་སོགས་ཀྱི་གོ་སྐབས་དང་བསྟུན་ནས། ཚོང་ལས་དཔལ་འབྱོར་ནི་མི་སེམས་ནང་བརྟན་ཞིང་གཡོ་བ་མེད་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་དེ་སྔོན་འབྲི་གུང་བོད་སྤོས་བཟོ་མཁན་མང་དག་ཅིག་ད་ལྟ་བོད་སྤོས་ཐོན་ལས་བཞག་ནས་ཚོང་ལས་སོགས་ལས་གཞན་ལ་ཁ་ལོ་བསྒྱུར་ཡོད་སྟབས། དེས་འབྲི་གུང་བོད་སྤོས་ཐོན་ལས་ད་ལྟ་ཛ་དྲག་ཅིང་ཉེན་ཁའི་གནས་སུ་གྱར་ཡོད། མ་གཞི་བོད་སྤོས་ཀྱི་དགོས་མཁོའི་ཁྱབ་ཁོངས་ཧ་ཅང་ཆེ་ན་ཡང་། བོད་སྤོས་ཀྱི་ཡོངས་འབབ་དམའ་མོ་ཡིན་པའི་རྐྱེན་གྱིས་གཞོན་ནུ་མང་དག་ཅིག་ལག་རྩལ་དེ་རིགས་སྦྱང་འདོད་མེད་པས་བརྒྱུད་འཛིན་བྱེད་མཁན་ཧ་ཅང་དཀོན་པོ་ཡིན་པའི་གནས་སུ་གྱར་ཡོད་པ། དེས་མ་ཟད་བོད་སྤོས་རྫུན་མ་ཁྲོམ་རའི་ཐོག་ཐོན་པ་དང་། གོང་ཚད་དམའ་པོས་ཕྱིར་འཚོང་བྱས་པས། སྲོལ་རྒྱུན་གྱི་བོད་སྤོས་ཐོན་སྐྱེད་བྱེད་པར་ཤུགས་རྐྱེན་ངན་པ་བཟོས་ཡོད་ལ། མུ་མཐུད་ཐོན་ལས་བྱེད་ཐབས་བྲལ་བའི་གནས་སུ་ལྷུང་ཡོད། དེ་བཞིན་དུ་འབྲི་གུང་བོད་སྤོས་དགོས་མཁོ་ཆེ་ཡང་། རྒྱུ་ཆ་གཙོ་བོ་ཤུག་པའི་སྐྱེས་འཚར་ཞན་པ་དང་། གྲངས་ཚད་རིམ་བཞིན་ཉུང་དུ་ཕྱིན་པས། མ་རྩ་གཏོང་ཤུགས་ཆེ་ཡང་ཁྲོམ་རའི་འགྲན་རྩོད་ནང་གནས་བབ་ཞན་པའི་གནས་སུ་གྱུར་ཡོད། 

        མདོར་ན། འབྲི་གུང་བོད་སྤོས་ནི་རང་ཅག་བོད་མི་རིགས་ཀྱི་ཐུན་མིན་ལག་ཤེས་ཐོན་རྫས་ཤིག་ཡིན་པས། རྩ་ཆེན་བོད་སྤོས་དེ་སྲུང་སྐྱོབ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། གཅིག་ནས་བོད་སྨན་སྐྱེ་དངོས་འདེབས་འཛུགས་བྱེད་སའི་རྟེན་གཞི་བཙུགས་ནས་སྤོས་བཟོར་མཁོ་བའི་རྩ་ཆེན་གྱི་སྐྱེ་དངོས་མུ་མཐུད་གནས་ཐུབ་རྒྱུར་འགན་ལེན་ཐུབ་པ་བྱེད་པ་དང་། དཔལ་འབྱོར་ཁོ་ནར་དམིགས་ནས་མཆོག་ཏུ་གྱུར་པའི་ས་མཐོའི་རྟེན་གཞི་འཕྲོ་བརླགས་དང་གནོད་འཚེ་མི་ཕོག་པ་བྱེད་དགོས་ལ། བོད་སྤོས་བཟོ་མཁན་དག་གིས་ཀྱང་དེ་ལྟ་བུའི་རྩ་ཆེན་བོད་སྤོས་ལ་མཐོང་ཆེན་གྱིས་རྒྱལ་ཁབ་ཀྱི་ཚད་གཞི་གཞིར་བཟུང་གཟབ་ནན་གྱིས་ལག་བསྟར་བྱས་ནས་བོད་སྤོས་ལ་དོ་དམ་ནན་པོ་བྱ་རྒྱུ་དང་། བོད་སྤོས་ཀྱི་སྤུས་ཚད་ལ་འགན་ལེན་ཐུབ་པ་བྱ་རྒྱུ་མ་ཟད། བརྙན་འཕྲིན་དང་རླུང་འཕྲིན་ལ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་འབྲི་གུང་བོད་སྤོས་རིན་ཐང་དང་ཕན་ནུས་སོགས་དྲིལ་བསྒྲགས་བྱས་ནས་འབྲི་གུང་བོད་སྤོས་རྫུན་བཟོ་མཁན་ལ་རྡུང་འདེགས་ཚ་ནན་བཏང་ནས་འབྲི་གུང་བོད་སྤོས་ཀྱི་གནས་བབ་དང་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །