དཀར་མཛེས་ནས་ལྷ་ས་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-01   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཟླ6པའི་ཚེས29ཉིན་དཀར་མཛེས་གེ་སར་གནམ་ཐང་གིས་ཁྲུན་ཏུའུ—དཀར་མཛེས—ལྷ་ས་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ་དང་། མཁའ་ལམ་དེ་ནི་སི་ཁྲོན་དར་རྩེ་མདོ་གནམ་ཐང་ཚོགས་པ་ཀུང་སིས་ད་ལོར་དངོས་སུ་ཤར་གཏོང་བྱས་པའི་མཁའ་ལམ་གསར་བ་དང་པོ་ཡིན་པ་མ་ཟད། དཀར་མཛེས་ནས་བོད་ལྗོངས་སུ་བསྐྱོད་པའི་མཁའ་ལམ་གཉིས་པའང་ཡིན།

        ཉིན་དེའི་སྔ་དྲོའི་དུས་ཚོད9དང་སྐར་མ་10སྟེང་སི་ཁྲོན་མཁའ་འགྲུལ་ཀུང་སིས་འཕུར་འགན་འཁུར་བའི་གནམ་གྲུ3U3741ལྷ་ས་གྲོང་ཁྱེར་གོང་དཀར་གནམ་ཐང་ནས་འཕུར་འགོ་བརྩམས་ཏེ་སྐར་མ90དུས་ཚོད་བརྒྱུད་སི་ཁྲོན་དཀར་མཛེས་གེ་སར་གནམ་ཐང་དུ་སླེབས་པ་དང་། དེ་ནས་སྐར་མ40འཕུར་རྗེས་དུས་གཏན་གནམ་གྲུ་སླར་ཡང་ཁྲུན་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་དུ་སླེབས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། མཁའ་ལམ་དེ་གཟའ་འཁོར་རེའི་གཟའ་དང་པོ་དང་། གསུམ་པ། ལྔ་པ། བདུན་པ་བཅས་སུ་འཕུར་རྒྱུ་དང་། ལྷ་ས—དཀར་མཛེས—ཁྲུན་ཏུའུ་བར་གྱི་དུས་གཏན་གནམ་གྲུ་སྔ་དྲོའི་དུས་ཚོད9དང་སྐར་མ10སྟེང་ལྷ་ས་ནས་འཕུར་རྒྱུ་ཡིན། ཁྲུན་ཏུའུ—དཀར་མཛེས—ལྷ་ས་བར་གྱི་དུས་གཏན་གནམ་གྲུ་ཉིན་གུང་དུས་ཚོད13དང་སྐར་མ5ཐོག་ཁྲུན་ཏུའུ་ནས་འཕུར་རྒྱུ་དང་།  མཁའ་ལམ་དེས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་སྡེ་དགེ་པར་ཁང་སོགས་བོད་ཀྱི་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་དང་སྦྲེལ་མཐུད་བྱས་ནས། རྒྱ་ཆེའི་བོད་རིགས་ས་ཁུལ་གྱི་ཡུལ་སྐོར་ལ་དགའ་བའི་མང་ཚོགས་རྣམས་ལ་སྟབས་བདེའི་མཁའ་ལམ་ཞིག་བསྐྲུན་ཡོད།

        གཞན་ཡང་ད་ལོར་དཀར་མཛེས་གེ་སར་གནམ་ཐང་གིས་དཀར་མཛེས་ནས་ཁུང་མིན་བར་གྱི་མཁའ་ལམ་ཡང་གཏོད་རྒྱུ་རེད། །