ལྔ་བའི་ཚེས་ལྔའི་དྲན་པ།

རྩོམ་པ་པོ།   ཚེ་རིང་དོན་གྲུབ།  ཡིག་བསྒྱུར།       དུས་ཚོད།   2020-06-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

            མི་རིགས་སོ་སོ་ལ་རང་གི་མེས་པོའི་རིང་ནས་བརྒྱུད་པའི་རིག་གནས་གོམས་སྲོལ་མང་པོ་ཞིག་ཡོད་ཅིང་།དེ་དག་གིས་མི་རིགས་ཤིག་གི་འཚོ་སྡོད་ཀྱི་ཁོར་ཡུག་དང་བསམ་པའི་འཁྱེར་སོ་སོགས་ཕྱོགས་མང་པོ་ཞིག་མཚོན་གྱི་ཡོད།ལྔ་བའི་ཚེས་ལྔའམ་ལྔ་བའི་བ་བཞི་ནི་ཨ་མདོ་ས་ཆར་མཚོན་ན་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་པ་དང་།འདི་ལ་སངས་རྒྱས་སྨན་བླའི་དུས་ཆེན་ཡང་ཟེར།ཉིན་དེའི་ཆུ་ནི་སངས་རྒྱས་སྟོན་པའི་གནང་བའི་སྨན་ཆུ་ཡིན་པ་དང་ཉིན་དེའི་རྩྭ་རྩི་ཤིང་ནི་སྟོན་པའི་གནང་བའི་སྨན་རྩྭ་ཡིན་ཞེས་ཟེར་སྲོལ་ཡོད་པས།ཉིན་དེའི་ཞོགས་པར་སྐྱ་རེངས་གསལ་མ་གསལ་བའི་དུས་ལ་མི་རྣམས་ཆུ་མིག་ཁར་ཆུ་ལེན་དུ་སོང་ནས་ཆུ་འཐུང་བ་དང་ལུས་བཀྲུ་བ(ཁ་ལག་བཀྲུ་བ)།སྤང་ཐང་དུ་མེ་ཏོག་འཐུ་བར་འགྲོ་བ་དང་སྡོང་བོའི་ཡལ་ག་སོགས་སྒོ་མགོར་འཇོག་པའི་སྲོལ་ཡོད་པ་ཞིག་རེད།ཡང་ས་ཆ་ལ་ལར་ལབ་རྩེ་བསྟོད་པའི་སྲོལ་ཡང་མཆིས།

        རེབ་གོང་གླིང་རྒྱལ་ཡུལ་ལ་མཚོན་ན་ལྔ་བའི་ཚེས་ལྔའི་སྔ་ཉིན་མེ་ཏོག་སྣ་ཚོགས་དང་ལྕང་སྡོང་གི་ཡལ་ག་བཏོགས་ནས་ཆུ་གཙང་མའི་ནང་བཞག་སྟེ་དགོང་མའི་ནམ་མཁའི་སྐར་མ་མཐོང་ས་ནས་འཇོག་ཅིང་།ལྔ་བའི་ཚེས་ལྔ་ཉིན་ལྕང་མའི་ཡལ་ག་དང་མེ་ཏོག་རྣམས་སྒོ་མགོར་བཞག་ནས་བཀྲ་ཤིས་པའི་རྟེན་འབྲེལ་དུ་བརྩི་ཞིང་།བྱིས་པ་ཚོའི་ལུས་ལ་མེ་ཏོག་བཏགས་ནས་ཆུ་གཙང་མས་ཁ་ངོ་དང་མིག  ལག་པ་སོགས་ལ་བྱུག་པ་ཡིན།   ཉིན་དེར་ཁྱིམ་བདག་མས་ཀེའུ་ཚོད་ཞིམ་པོ་བཅས་ནས་བཟའ་མི་གང་བོས་དགའ་དགའ་སྤྲོ་སྤྲོའི་ངང་ནས་དུས་ཆེན་དེ་རོལ་བ་ཡིན།

        དེང་སང་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་རང་གི་སྲོལ་རྒྱུན་གྱི་དུས་ཆེན་གཏོང་བ་ལས་གཞན་ཚོང་རའི་ནང་གི་ཙོང་ཙི་ཟ་བ་སོགས་ཀྱང་རྒྱུགས་ཆེ་ཞིང་།  ཡང་མི་མང་ཆེ་ཤོས་ཀྱིས་གུང་གསེང་གི་དུས་ཚོད་བེད་སྤྱད་ནས་ཕྱི་རོལ་དུ་ལྗོངས་རྒྱུ་འགྲོ་མཁན་ཡང་ཤིན་ཏུ་མང་།ང་ལ་མཚོན་ན་ཆུང་དུས་ཆེས་རེ་སྒུག་བྱེད་པ་ནི་མེ་ཏོག་འདོགས་པ་དང་དེ་ནས་ཨ་མས་བཟོས་པའི་ཀེའུ་ཚོད་ཞིམ་པོ་ཟ་རྒྱུ་དེ་རེད།

    

        དུས་དེང་སང་ལས་ཀའི་དབང་གིས་ཕྱི་རོལ་དུ་གཞི་བཅས་ནས་མི་ལོ་བཅུ་ལྷག་འགོར་བ་དང་དྲིན་ཅན་མ་ལོའི་ཀེའུ་ཚོད་ཞིམ་པོ་དེ་ཟ་མི་ཐུབ་ན་ཡང་།རང་གི་ངལ་རྩོལ་གྱི་ལག་ཟུང་ལ་བརྟེན་ནས་བུ་དང་བུ་མོ་ཚོར་ཕ་ཡུལ་གྱི་ཀེའུ་ཚོད་བཟོ་བ་དེ་ཡང་ཕ་ཡུལ་དྲན་པའི་གདུང་བ་སེལ་བའི་ཕྱིར་དང་།ཡང་ན་རང་གི་མེས་པོའི་སྲོལ་རྒྱུན་ལ་བརྩི་མཐོང་བྱེད་ཚུལ་ཞིག་ཡིན་ཞེས་བརྗོད་ཀྱང་མི་ཆོག་པ་མེད་དོ།།