བདེ་ཆེན་དུ་འཛད་སྤྱོད་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་ཞིག་ཕྱེས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ6པའི་ཚེས25ཉིན། སེམས་ཀྱི་ཉི་ཟླའི་བེ་ཤ་གླིང་ཁུལ་དུ་གནས་པའི་བདེ་ཆེན་ཁུལ་གྱི་འཛད་དབུལ་སྐྱོར་སྤྱོད་སྒོ་རྩིས་ཚོང་ཁང་ལས་གཉེར་བྱེད་འགོ་ཚུགས་པ་དང་།ཁུལ་ཡོངས་ཀྱི་ཞིང་ལས་སྣེ་འདྲེན་ཁེ་ལས་40ལྷག་གི་ཚོང་ཟོག་བརྒྱ་ལྷག་ལེགས་འདེམས་བྱས་ཡོད། སྤྱིར་བཏང་གི་ཁྲོམ་རའི་རིན་གོང་དང་བསྡུར་ན་སྒོ་རྩིས་ཚོང་ཁང་དེའི་ཚོང་ཟོག་གི་རིན་གོང་གཟིགས་སྐྱོང་བྱེད་ཚད་ཆ་སྙོམས་20%ཡན་ཟིན་ཡོད་པ་རེད། རང་ཁུལ་གྱི་སྤུས་ལེགས་ཐོན་རྫས་ལ་ཕྱིར་ཚོང་སྟེགས་བུ་བསྐྲུན་པ་བརྒྱུད་ནས།འཛད་སྤྱོད་དབུལ་སྐྱོར་གྱི་འདུ་ཤེས་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་རེད། 

    སྒོ་རྩིས་ཚོང་ཁང་གི་ཐོན་རྫས་ལ་ཨ་རག་རིགས་དང་། ཀྲུང་ལུགས་སྨན་རྫས། ལག་ཤེས་བཟོ་རྩལ་དངོས་རྫས།ཟས་རིགས་སོགས་སུ་དབྱེ་ནས་འགྲེམས་སྟོན་བྱས་ཡོད།གནས་འདི་རུ་རང་ཁུལ་གྱི་ཚབ་མཚོན་རང་བཞིན་ཆེ་ཤོས་ཀྱི་རྒུན་ཆང་དང་། བེ་ཤ ཚགས་ཤ ནས་ཀྱི་ཐོན་རྫས། སྦྲང་རྩི། སྟར་སྣུམ། བོད་བཟོའི་ཤིང་ཕོར་སོགས་ཚང་མ་ཉོ་ཐུབ་ཀྱི་ཡོད། ཐོན་རྫས་ཚང་མ་རང་ཁུལ་གྱི་གྲགས་ཅན་ཁེ་ལས་ཀྱི་ཐོན་རྫས་ཡིན་པ་རེད།ཐོན་རྫས་ཀྱི་སྤུས་ཚད་ལ་འགན་ལེན་ཡོད་པ་ཕུད། མི་རྣམས་ཀྱི་ཡིད་དབང་འཕྲོག་ཤོས་ནི་རིན་གོང་གི་གཟིགས་སྐྱོང་བྱེད་ཤུགས་རེད། 

    སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་ཅང་ལན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།དབུལ་སྐྱོར་སྒོ་རྩིས་ཚོང་ཁང་ནི་ཁུལ་ཚོང་དོན་ཅུས་དང་ཁུལ་མཁོ་ཚོང་ཁང་ཁོངས་གཏོགས་ཀྱི་བདེ་ཆེན་ཁུལ་མཁོ་སྤྲོད་ཡིད་རྟོན་ཚོང་དོན་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བ་རེད།ཁེ་གཉེར་རང་བཞིན་མ་ཡིན་པའི་སྤྱི་ཕན་རྩ་འཛུགས་ཡིན།དམིགས་ཡུལ་གཙོ་བོ་ནི་རང་ཁུལ་གྱི་ཁེ་ལས་ལ་རོགས་རམ་བྱས་ཏེ་ད་ལོའི་རིམས་ནད་ལས་བྱུང་བའི་གནོད་རྐྱེན་སེལ་ཐབས་དང་ཐོན་རྫས་ཕྱིར་འཚོང་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཆེད་ཡིན།སྒོ་རྩིས་ཚོང་ཁང་དུ་ཡོད་པའི་ཁེ་ལས་དང་ཐོན་རྫས་ཀྱིས་འགྲོ་གྲོན་གང་ཡང་འཁུར་མི་དགོས་པ་རེད།དེ་མིན།ཁེ་ལས་དང་མཐུན་སྦྱོར་བྱས་ནས་རྒྱ་ཆེའི་འཛད་སྤྱོད་པར་ཁེ་ཕན་ཆེ་ཤོས་བརྩོན་ལེན་བྱས་ཏེ་ཚོང་ཟོག་མང་པོ་ཞིག་མ་རྩའི་རིན་གོང་ལྟར་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རེད།     

    སྲོལ་རྒྱུན་གྱི་ཕྱིར་ཚོང་བྱེད་སྟངས་ཕུད།སྒོ་རྩིས་ཚོང་ཁང་གིས་ད་དུང་དྲ་ཐོག་ནས་ཚོང་གཉེར་བྱེད་ཀྱི་ཡོད་པ་དང་། ཉིན་ལྟར་གཙོ་གཏོང་མི་སྣས་འདར་དབྱིངས་སོགས་ཐད་གཏོང་ལས་སྟེགས་བརྒྱུད་ནས་རང་ཁུལ་གྱི་ཐོན་རྫས་ཁྱབ་གདལ་གཏོང་གི་ཡོད། གོམ་སྟབས་རྗེས་མར་སྒོ་རྩིས་ཚོང་ཁང་ནང་ད་དུང་ཚོང་དོན་གྲོས་མོལ་གྱི་ཆེད་དོན་ཁུལ་དང་། ཐོན་རྫས་མཛོད་ཉར། ཐུམ་སྒྲིལ་སོགས་ཀྱི་ཆེད་དོན་ཁུལ་བཙུགས་ནས།ཁེ་ལས་ལ་ལྷག་བསམ་རྣམ་དག་གི་ཞབས་ཞུ་མཁོ་འདོན་བྱེད་པ་དང་འབྲེལ་ཁེ་ལས་ཁག་ལ་རོགས་རམ་བྱས་ནས་ཐད་གཏོང་ཚོང་ཟོག་བཙོང་རྒྱུའི་གསོ་སྦྱོང་བྱས་ཏེ་རང་ཁུལ་གྱི་ཐོན་རྫས་དྲ་ཐོག་ནས་བྲིན་ཚོང་ཁྱབ་གདལ་གཏོང་བའི་ནུས་པ་ཆེ་རུ་གཏོང་རྒྱུ་རེད།