གཟི་རྩ་སྡེ་དགུའི་དོམ་ཁྲ་གླིང་སྒོ་ཕྱེ་ནས་ཡུལ་སྐོར་བ་བསུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-24   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་གཟི་རྩ་སྡེ་དགུའི་དོམ་ཁྲ་གླིང་ཚེས་16ཉིན་སྒོ་ཕྱེ་ནས་ཡུལ་སྐོར་བ་བསུས་པ་དང་། ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ནས་གནས་སྤོ་བྱས་པའི་དོམ་ཁྲ་བཞི་དངོས་སུ་སྤྱི་དམངས་ལ་བསྟན་པ་རེད།

        གཟི་རྩ་སྡེ་དགུའི་དོམ་ཁྲ་གླིང་ནི་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་རྣམ་གྲངས་ཤིག་ཡིན་པ་དང་། གཟི་རྩ་སྡེ་དགུ་རྫོང་དུ་གནས་པའི་ཝུའུ་ཅའོ་དོམ་ཁྲ་རང་བྱུང་སྲུང་སྐྱོང་ཁུལ་དུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་2380ཡོད་པ་དང་གཟི་རྩ་སྡེ་དགུ་རྫོང་གྲོང་དང་བར་ཐག་སྤྱི་ལེ་39ཡོད། རྒྱལ་ཡོངས་ཀྱི་དོམ་ཁྲ་བརྟག་དཔྱད་སྙན་ཞུ་ཐེངས་བཞི་པའི་གྲངས་གཞིར་གཞིགས་ན། གཟི་རྩ་སྡེ་དགུ་རྫོང་དུ་རི་སྐྱེས་དོམ་ཁྲ་31ཡོད་པའི་ནང་ཝུའུ་ཅའོ་དོམ་ཁྲ་རང་བྱུང་སྲུང་སྐྱོང་ཁུལ་དུ་དོམ་ཁྲ་22ཡོད་པ་རེད།

        གཟི་རྩ་སྡེ་དགུ་དོམ་ཁྲ་གླིང་གི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་3221.31ཡོད་པ་དང་མ་དངུལ་སྒོར་ཁྲི་6000ལྷག་ཙམ་བཏང་ནས་གླིང་དུ་དོམ་ཁྲ་སྲུང་སྐྱོང་དང་། ཞིབ་འཇུག ཚན་རིག་ཁྱབ་གདལ། དྲིལ་བསྒྲགས་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་བསྡུས་ཡོད། རྣམ་གྲངས་བསྐྲུན་པ་དེས་གཟི་རྩ་སྡེ་དགུ་རྫོང་དུ་རི་སྐྱེས་དོམ་ཁྲ་ཡོད་ཀྱང་དོམ་ཁྲའི་རྟེན་གཞིའི་གླིང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

        དུས་ཡུན་རིང་པོའི་ནང་། ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་དོམ་ཁྲ་གསོ་ཚགས་དོ་དམ་དང་སྤྱི་དམངས་ཀྱི་སློབ་གསོ་ཞིབ་འཇུག་ཧུར་ཐག་བྱས་པ་དང་ཕྱིའི་རྒྱལ་ཁབ་དང་ས་ཁུལ་16གི་སྲོག་ཆགས་གླིང་17དང་། རྒྱལ་ནང་གི་ཚན་ཞིབ་ཚན་པ་36དང་དོམ་ཁྲ་སྲུང་སྐྱོང་ཚན་ཞིབ་ཀྱི་ཡུན་རིང་གི་མཉམ་ལས་འབྲེལ་བ་བཙུགས་ཡོད། མིག་སྔའི་བར། ལྟེ་གནས་དེས་དོམ་ཁྲ་300ལྷག་ཙམ་གསོ་ཉར་བྱས་པ་དང་། དོམ་ཁྲ་30ལྷག་ཙམ་ཕྱི་རོལ་དུ་གསོ་སྦྱོང་བྱས་པ། ཕྱི་ནས་རྒྱུད་བཟང་འདྲེན་ཏེ་དོམ་ཁྲ་6གསོ་སྤེལ་བཅས་བྱས་པ་རེད།