བོད་ལྗོངས་ཡོངས་སུ་ཆར་དུས་སྔོན་མ་ལས་ཉིན་གསུམ་གྱིས་སྔོན་དུ་སླེབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-11   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

        གསར་འགོད་པས་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཟླ6པའི་ཚེས5ཉིན་ནས་བཟུང་ལྗོངས་ཡོངས་སུ་ཆར་པ་བབས་འགོ་ཚུགས་པ་དེ་སྔོན་མ་ལས་ཉིན་གསུམ་གྱིས་སྔ་ཡོད།

        རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་ཁང་གི་དབུ་བཞུགས་རིགས་གཅིག་མཁས་ཅན་སྒྲོལ་མས་ངོ་སྤྲོད་གནང་བར་གཞིགས་ན།  ད་ལོའི་སྤྱི་ཟླ6པའི་ཚེས8ཉིན་བར།  བོད་ལྗོངས་ཀྱི་ཆར་དུས་ཀྱི་ལྟ་ཞིབ་ཚད་ལེན་ཀྱི་ཚབ་མཚོན་ས་ཚིགས31ནང་ནས་ལྟ་ཞིབ་ཚད་ལེན་ས་ཚིགས21ཆར་དུས་འགོ་ཚུགས་པའི་ཚད་གཞིར་སླེབས་ཡོད་པར་བརྟེན།  སྤྱི་ཟླ6པའི་ཚེས5ཉིན་ལྗོངས་ཡོངས་ཆར་དུས་སུ་སླེབས་པ་དེ་སྔོན་མ་ལས་ཉིན་གསུམ་གྱིས་སྔ་བ་ཡོད།

        ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ད་ལོ་བོད་ལྗོངས་སུ་ཤར་རྒྱུད་ནས་ནུབ་རྒྱུད་བར་རྒྱུན་མཐུད་ཆར་པ་བབས་འགོ་ཚུགས་པ་དང་།  སྤྱི་ཟླ6པའི་ཚེས8ཉིན་བར།  ཆབ་མདོ་གྲོང་ཁྱེར་དང་ལྷ་ས་གྲོང་ཁྱེར།  ལྷོ་ཁ་གྲོང་ཁྱེར་བཅས་ཀྱི་ས་ཆ་མང་ཆེ་བ་དང་།  ནག་ཆུ་གྲོང་ཁྱེར་གྱི་དབུས་ཤར་རྒྱུད།  ཉིང་ཁྲི།  ཕག་རི།  རྒྱལ་རྩེ་བཅས་ཆར་དུས་སུ་སླེབས་ཟིན་ཡོད།

        རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་ཁང་གི་དབུ་བཞུགས་རིགས་གཅིག་མཁས་ཅན་སྒྲོལ་མས། བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ་ཆར་དུས་སུ་སླེབས་ཟིན་ཀྱང་བོད་བྱང་ཐང་གི་རྒྱུད་དང་ས་བབ་མཐོ་བའི་ཁུལ་དུ་སྔར་རྒྱུན་བཞིན་གངས་མ་ཆར་བབས་ཡོད་པ་དང་།  ཁུལ་ཁོངས་ཁག་ཅིག་ལ་གངས་གསོག་ཐེབས་ཡོད།

        ཆར་དུས་སུ་སླེབས་ཟིན་རྗེས་ལྗོངས་ཡོངས་སུ་ཆར་པ་བབས་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་རྒྱུ་དང་ལྷག་པར་དུ་དུས་ཐུང་གི་དྲག་ཆར་དང་སེར་བ་བབས་རྒྱུ་དང་།  ཐོག་རྒྱག་པ་སོགས་ཀྱི་སྣང་ཚུལ་ཐོན་སྲིད་པས་འབྲེལ་ཡོད་ཚན་པ་དང་སྤྱི་དམངས་ནས་གནམ་གཤིས་ཚན་པས་ཡོངས་བསྒྲགས་བྱས་པའི་རིགས་ཁག་གི་གནམ་གཤིས་སྔོན་བརྡའི་ཞབས་ཞུའི་ཆ་འཕྲིན་ལ་དོ་ཁུར་ཆེན་པོ་བྱེད་དགོས་པ་མ་ཟད།  སེར་བ་དང་ཐོག་སོགས་ཀྱི་གནམ་གཤིས་གནོད་འཚེ་དང་རི་རུད་འདམ་རུད་སོགས་ཀྱི་ཞོར་ཐོན་ས་གཤིས་གནོད་འཚེར་དོགས་ཟོན་བྱེད་དགོས་རྒྱུ་དང་།  བོད་བྱང་ཐང་དུ་དེང་སྐབས་སྔར་བཞིན་གནམ་གཤིས་གྲང་མོ་ཡོད་པས་ཕྱུགས་ཕྲུག་གི་དྲོད་སྲུང་ལ་སྣང་ཆེན་བྱེད་དགོས་པའི་དྲན་སྐུལ་གནང་ཡོད།  །