《རྒྱ་བཟའ་ཀོང་ཇོ》འཁྲབ་ཚན་བརྒྱད་པ་འཁྲབ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-03   རྩོམ་ཁུངས།    མི་དམངས་དྲ་བ།

 

    ཟླ་6ཚེས་1ཉིན་གྱི་དགོང་མོ། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་མིང་བྱང《རྒྱ་བཟའ་ཀོང་ཇོ》ཞེས་པའི་བོད་ལྗོངས་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་འཁྲབ་ཚན་བརྒྱད་པ་འཁྲབ་འགོ་ཚུགས་པ་དང་བུམ་པ་རིར་ཡུན་རིང་མ་ཐོས་པའི་གླུ་སྐད་སླར་ཡང་གྲགས་བྱུང་།
     “ས་ཐག་རིང་གིས་གཅོད་མི་ནུས།  འཇིག་རྟེན་མི་ཡུལ་ཕ་ཡུལ་ཡིན”ཞེས་པའི་འཁྲབ་སྟོན་ཐོག་མ་དེ་ས་མཐོའི་རིམས་ནད་ལ་འགོག་རྒོལ་བྱེད་མཁན་གོས་དཀར་ལྷ་རྗེ་རྣམས་ལ་གུས་འདུད་ཞུས་ལ། ཆེད་དུ་ལྷ་སའི་རྒྱ་ཆེའི་སྨན་དོན་མི་སྣ་དང་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་གཟིགས་མོར་གདན་འདྲེན་ཞུས་ནས་འཁྲབ་སྟོན་བྱས་པ་མ་ཟད། ད་དུང་རིམས་ནད་ལ་འཐབ་པའི་གོས་དཀར་ལྷ་རྗེས་ལོ་ཧྲིལ་བོར་རིན་མི་དགོས་པར་ཟློས་གར་ལ་བལྟས་ཆོག་པ་ (འཁྲབ་ཚན་བརྒྱད་པ་འཁྲབ་སྟོན་རིང་། རྒྱལ་ཡོངས་ཀྱི་སྨན་དོན་མི་སྣ་དང་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་སོགས་ཀྱིས་ཐོབ་ཐང་ལག་ཁྱེར་ནུས་ལྡན་ལ་བརྟེན་ནས་སྒོར་380ཡིན་པའི་《རྒྱ་བཟའ་ཀོང་ཇོ》སྤ་སེ་རེ་ལེན་ཆོག་པ་རེད། དོ་སྣང་བྱེད་དགོས་པ་ཞིག་ནི་མི་གཅིག་གིས་ལག་ཁྱེར་ལ་བརྟེན་ནས་སྤ་སེ་གཅིག་མ་གཏོགས་ལེན་མི་ཆོག)སོགས་ཀྱི་ཕན་བདེ་བཏོན་པ་རེད། ལོ་ཕྱེད་ཙམ་མ་མཇལ་བའི་ཟློས་གར་དེའི་འཁྲབ་ཚན་བརྒྱད་པ་ཕྱིར་ལོག་པ་དེས་ས་མཐོའི་རིག་གནས་ཡུལ་སྐོར་ལས་རིགས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། 
     གསར་འགོད་པས་ཡུལ་དངོས་ནས་མཐོང་བ་ནི། ས་གནས་ཁག་གི་ཡུལ་སྐོར་བའི་འཁྲབ་སྟོན་ལ་ལྟད་མོ་ལྟ་བའི་ཉམས་ལེན་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་པ་ཡོང་ཆེད། རྒྱ་བཟའ་ཀོང་ཇོའི་ཟློས་གར་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཡོད་པ་རེད། ཡུལ་དངོས་སུ་ཁ་རས་སྤྲོད་པ་དང་། ལུས་དྲོད་འཇལ་བ། གཙང་སྦྲ་དུག་སེལ། བདེ་ཐང་ཨང་རྟགས་ཞིབ་བཤེར་སོགས་རིམས་འགོག་འགོག་སྲུང་བྱེད་ཐབས་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། མི་གྲངས་ཚོད་འཛིན་གྱི་སྲིད་ཇུས་མཐའ་འཁྱོངས་བྱས་ནས་འཁྲབ་སྟོན་བྱེད་པའི་ཉིན་དེའི་དགོང་མོར། ལྟད་མོ་བའི་མི་གྲངས་སྡོད་སའི་གནས་གྲངས་ཀྱི་30%བར་ཚོད་འཛིན་ནན་པོ་བྱེད་པ་དང་ལྟད་མོ་བའི་བཞུགས་གྲལ་བར་ཆོད་ནས་སྒྲིག་བཀོད་བྱེད་ཀྱི་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་མཆེད་པར་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱ་ཆེད། 《རྒྱ་བཟའ་ཀོང་ཇོ》ཟླ་6པར་འཁྲབ་སྟོན་ཐེངས་12ལས་བཀོད་སྒྲིག་བྱས་མེད་ལ་རྒྱ་ཆེའི་སྤ་སེ་ཉོ་རྩིས་ཡོད་པའི་ལྟད་མོ་བས་སྔོན་དུ་མངག་ཉོ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
     ཡངས་ཤིང་རྒྱ་ཆེ་བའི་ཐང་བོད་གནས་མཆོག་དང་། བརྗིད་ཉམས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ། ཁྱད་དུ་འཕགས་པའི་ངོ་མཚར་ཆེ་བའི་གཏམ་རྒྱུད་སོགས་ཀྱིས་སླར་ཡང་རྒྱ་བོད་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་སྙན་ངག་ཁྲོད་ཀྱི་མི་རབས་ནས་མི་རབས་བར་ཁྱབ་པའི་བརྩེ་སེམས་ཆེན་པོ་དེ་གསོན་ཉམས་དོད་པོའི་ངང་མངོན་ལ་མི་སེམས་སྒུལ་བ་ཞིག་རེད། ཉིན་དེའི་དགོང་མོར་འཁྲབ་སྟོན་མཇུག་རྫོགས་རྗེས། ཟློས་གར་དེའི་འཁྲབ་སྟོན་པ་ཡོངས་རྫོགས་800ལྷག་ཙམ་མཉམ་དུ་གར་སྟེགས་ཐོག་ཡོང་ནས་དེ་གར་ཡོད་པའི་ས་མཐོའི་རིམས་ནད་ལ་འཐབ་པའི་གོས་དཀར་ལྷ་རྗེ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཞུས་པ་རེད། 
     ལོ་རྒྱུས་སྙན་ངག་ལ་ཉམས་རྒྱུ་མེད་ཅིང་། བརྩེ་སེམས་ཆེན་པོར་མུ་མཐའ་མེད། བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པའི་ངོས་ནས། ཡུའུ་ཧྲང་ཧེ་མེ་རིག་གནས་ཡུལ་སྐོར་ཚོགས་པས་ཐོག་མཐའ་བར་གསུམ་དུ་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་ལེན་ཧུར་ཐག་བྱས་ལ། ཆེད་དུ་སྤྱི་ཚོགས་ཅན་གྱི་ཕན་བདེའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། རིམས་ནད་འགོག་སྲུང་ཐད་བྱས་རྗེས་ཆེན་པོ་བཞག་པའི་ལས་རིགས་ཁག་གི་རིམས་ནད་ལ་འཐབ་པའི་གོས་དཀར་ལྷ་རྗེ་རྣམས་ལ་འཚམས་འདྲི་དང་གུས་འདུད་ཞུས་ཏེ། ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་འགོག་པའི་ལས་དོན་ལ་རྒྱལ་ཁ་མཐར་ཕྱིན་པ་ཐོབ་རྒྱུར་ཐུན་མོང་ཐོག་རོགས་རམ་བྱས་ཡོད། 
     མི་རིགས་ཀྱི་གཅེས་སེམས་ཆེན་པོ་རྒྱུན་འཛིན་བྱེད་པའི་བསམ་བློ་གཏིང་ཟབ་པ་དང་། སྒྱུ་རྩལ་ཁྱད་དུ་འཕགས་པ། བཟོ་སྐྲུན་སྤུས་ལེགས་བཅས་ཀྱི་བོད་ལྗོངས་ཀྱི་རིག་གནས་ཀྱི་ཟློས་གར་སྤུས་དག་ཅིག་ཡིན་པའི་ངོས་ནས། ལོ་ངོ་བརྒྱད་ཀྱི་རིང་ལ་ཟློས་གར་དེས་སྔར་རྒྱུན་བཞིན་རིག་གནས་སྒྱུ་རྩལ་གྱི་འགན་འཁྲི་འཁུར་ཡོད། ལྷག་བསམ་རྣམ་དག་ལ་བརྟེན་ནས་མི་རིགས་ཀྱི་སྒྱུ་རྩལ་སྤུས་དག་བཟོས་པ་དང་། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་གསོན་སྒྱུར་ངང་རྒྱུན་འཛིན་བྱས་ཏེ། ཆུ་ཚད་མཐོ་བའི་རིག་གནས་འཁྲབ་སྟོན་བྱས་པ་བརྒྱུད་གོམ་གང་མདུན་སྤོས་ཀྱིས་རྒྱ་བོད་འཆམ་མཐུན་དང་། མི་རིགས་མཐུན་སྒྲིལ། ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། 

འཁྲབ་སྟོན་མི་སྣ་ཡོངས་ཀྱིས་དེ་གར་ཡོད་པའི་ས་མཐོའི་རིམས་ནད་ལ་འགོག་རྒོལ་བྱེད་མཁན་གོས་དཀར་ལྷ་རྗེ་ཀུན་ལ་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་ཞུས་པ་རེད། 

     དུས་མཚུངས་སུ་བོད་ལྗོངས་ཀྱི་རྣམ་པ་གསར་པ་མངོན་པའི་དཔེ་སྟོན་རྣམ་གྲངས་དང་མཛེས་སྡུག་ལྡན་པའི་སྐར་ཁུང་ཞིག་ཡིན་པའི་ངོས་ནས《རྒྱ་བཟའ་ཀོང་ཇོ》ནི་རྒྱ་བོད་འཆམ་མཐུན་གྱི་མི་རིགས་སྒྱུ་རྩལ་གྱི་བརྩམས་ཆོས་རྩེ་གྲ་ཞིག་ཡིན་ལ། གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཤིག་ཀྱང་རེད། ལོ་བརྒྱད་རིང་རྣམ་གྲངས་དེས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་དབུལ་སྐྱོར་བྱེད་པའི་བྱེད་ཐབས་བརྒྱུད། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ལ་ས་གནས་དེ་གའི་མི་སེར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ཞིང་འབྲོག་པ་སྟོང་ཕྲག་ཁ་ཤས་རྣམ་གྲངས་འཛུགས་སྐྲུན་དང་འཁྲབ་སྟོན་ནང་ཞུགས་ཤིང་། ས་གནས་དེ་གར་རང་བརྟེན་ལས་གཏོད་བྱས་པས། བརྟན་ལྷིང་དང་རྒྱུན་མཐུད་ཀྱི་ཡོང་འབབ་ཐོབ་པ་མ་ཟད། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། 2020ལོར་《རྒྱ་བཟའ་ཀོང་ཇོ》འཁྲབ་ཚན་བརྒྱད་པ་བསྐྱར་དུ་འགོ་ཚུགས་པ་དེས། ས་མཐོའི་རིག་གནས་ཡུལ་སྐོར་ཁྲོམ་ར་གོ་རིམ་ལྡན་པའི་ངང་སླར་གསོ་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། ལྷ་ས་དང་ཐ་ན་བོད་ལྗོངས་ཀྱི་ཡུལ་སྐོར་ལ་སླར་ཡང་གསོན་ཤུགས་རྒྱས་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ལྷ་སའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་ཡིན།