ཐ་མག་གིས་གཟུགས་གཞིར་གནོད་འཚེ་ཇི་ཙམ་བཟོ་སྲིད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-02   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

  

    ཐ་མག་འཐེན་མཁན་ལ་ཁ་སྦུག་གི་འབྲས་སྐྲན་དང་། མིད་པའི་འབྲས་སྐྲན། ཕོ་བའི་འབྲས་སྐྲན། ལྒང་བུའི་འབྲས་སྐྲན་སོགས་ཕོག་ཚད་ཐ་མག་མི་འཐེན་མཁན་ལས་50%ཡིས་མཐོ་བ་ཡོད་པ་དང་།ཐ་མག་འཐེན་མཁན་གྱི་སྙིང་གཟེར་ཕོག་ཚད་ཐ་མག་མི་འཐེན་མཁན་གྱི་ལྡབ་4ཡིན་པ།ཐ་མག་འཐེན་མཁན་ལ་གློ་བའི་འབྲས་སྐྲན་ཕོག་ཚད་ཐ་མག་མི་འཐེན་མཁན་གྱི་ལྡབ་8ནས་12བར་ཡིན་པ་དང་ཐ་མག་འཐེན་ཚད་ཇི་ཙམ་མང་ཚེ་གློ་བའི་འབྲས་སྐྲན་ཕོག་པའི་ཉེན་ཁ་དེ་ཙམ་གྱིས་ཆེ་བ་ཡོད།

    ཀྲུང་གོར་གློ་བའི་འབྲས་སྐྲན་ཕོག་ནས་ཤི་ཚད་འཛམ་གླིང་གི་ཨང་དང་པོ་ཡིན་པ་མ་ཟད་ལོ་ལྟར་4.5%ཡི་མྱུར་ཚད་ཐོག་ནས་མང་དུ་འགྲོ་གི་ཡོད།ཀྲུང་གོར་ལོ་ལྟར་མི་ཁྲི་100ཙམ་ཐ་མག་འཐེན་པ་ལས་བྱུང་བའི་ནད་རིགས་སྣ་ཚོགས་ཕོག་ནས་ཤི་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།ཐ་མག་རྐང་གཅིག་གི་ཉི་ཀུའུ་ཏིང་གིས་ཙི་ཙི་གཅིག་ལ་དུག་ཕོག་ནས་ཤི་འགྲོ་བ་དང་།ཐ་མག་རྐང་25ནང་གི་ཉི་ཀུའུ་ཏིང་གིས་བ་གླང་གཅིག་ལ་དུག་ཕོག་ནས་ཤི་གི་ཡོད།ཧའོ་ཁེ་40ནས་60བར་གྱི་ཉི་ཀུའུ་ཏིང་གིས་མི་གཅིག་ལ་དུག་ཕོག་ནས་ཤི་གི་ཡོད།

    རིགས་གཅིག་མཁས་ཅན་གྱི་ཤ་ཚའི་དྲན་སྐུལ།

    ཐ་མག་འཐེན་མཁན་གྱིས་དོ་སྣང་བྱེད་དགོས་པའི་སྨན་རྫས།

    ཚ་བ་གཅོག་པ་དང་ཟུག་གཟེར་འཇོམས་པའི་སྨན། གལ་ཏེ་ཐ་མག་འཐེན་མཁན་གྱིས་ཟུག་གཟེར་འཇོམས་སྨན་དང་ཨན་ཧྥེ་ཁ་སོགས་བཟས་རྗེས་དྭངས་སྙིགས་མྱུར་དུ་ཕྱེ་ནས་སྨན་ནུས་མངོན་གསལ་དོད་པོས་ཆུང་དུ་འགྲོ་བ་དང་དེའི་ནང་ལ་ལ་ནི་ཐ་མག་མི་འཐེན་མཁན་གྱི་1/10རེད།

    ཟུག་གཟེར་འཇོམས་སྨན། ཐ་མག་འཐེན་མཁན་གྱིས་ཟུག་གཟེར་འཇོམས་སྨན་བཟས་རྗེས་སྨན་ནུས་ཆུང་དུ་འགྲོ་བ་མ་ཟད་དེའི་དྭངས་སྙིགས་དངོས་རྫས་མགྱོགས་མྱུར་གཟུགས་པོའི་ཕྱིར་འབུད་མ་ཐུབ་པར་ཕུང་གསོག་ཐེབས་ནས་དུག་ཕོག་སླ་པོ་ཡོད།

    དབུགས་ལྷིང་བའི་སྨན། གལ་ཏེ་ཇ་བུལ་དང་ཨན་ཇ་བུལ་སོགས་ཐ་མག་འཐེན་མཁན་གྱིས་སྤྱད་ཚེ་དེའི་གནོད་སྐྱོན་དང་ཕྱིར་འབུད་མྱུར་ཚད་ཐ་མག་མི་འཐེན་མཁན་ལས་ལྡབ་3གྱིས་མྱུར་བ་ཡོད་པས་སྨན་ནུས་ཆུང་དུ་འགྲོ་སྲིད། ལྟ་ཞིབ་བྱས་པར་གཞིགས་ན། ཐ་མག་ཟླ་གསུམ་བཅད་རུང་གནས་ཚུལ་དེར་འགྱུར་ལྡོག་འགྲོ་ཁག་པོ་ཡོད།

    སྙིང་གཟེར་འགོག་སྨན། ཐ་མག་འཐེན་ཚེ་སྙིང་གཟེར་དང་ཨ་ཐི་ལོར་སོགས་ཁྲག་རྒྱུན་ཁྲོད་ཀྱི་འདུས་ཚད་མངོན་གསལ་དོད་པོས་དམའ་རུ་འགྲོ་བ་མ་ཟད། ཕྱིར་འབུད་བྱེད་ཚད་མང་དུ་ཕྱིན་ནས་ནད་གཞི་ལྕི་རུ་འགྲོ་ཡི་ཡོད། གལ་སྲིད་འཕྲལ་མར་ཐ་མག་འཐེན་མཚམས་བཞག་ན་སྙིང་གཟེར་ཚད་ཉུང་དུ་འགྲོ་བ་དང་སྙིང་གི་བྱེད་ནུས་ལེགས་སུ་འགྲོ་ཐུབ།

    སྐྱུར་འགོག་སྨན། དཔེར་ན་ཞི་སྨི་ཐི་ཏིང་དང་། ལེ་ཉི་ཐི་ཏིང་། ཧྥ་མོ་ཐི་ཏིང་སོགས་ཀྱིས་ཕོ་ནད་དང་རྒྱུ་མའི་རལ་ཟགས་དང་། དེ་བཞིན་འཇུ་ལམ་དུ་ཁྲག་དོན་པར་སྨན་བཅོས་བྱེད་སྐབས་དུས་རྒྱུན་ཐ་མག་འཐེན་པ་ལས་ཁྲག་རྩ་འཁུམ་པ་དང་ཕོ་བའི་སྟོང་པར་ལུས་པའི་དུས་ཚོད་ནར་འགྱངས་དང་སྨན་རྫས་རྒྱུ་མའི་ནང་བསྡུ་ལེན་བྱེད་ཚད་དམའ་རུ་ཕྱིན་ནས་རལ་ཟགས་དྲག་སྐྱེད་ལ་འགོར་འགྱངས་བཟོ་ཡི་ཡོད།

    ཁྲག་མངར་གཅོག་པའི་སྨན་རྫས། ཐ་མག་འཐེན་མཁན་གྱིས་ཅ་ཐང་ཉིང(D-860)ངམ་ཡང་ན་དབྱི་ཏོ་སུའུ་ཡི་སྨན་ཁབ་རྒྱག་སྐབས་སྨན་ནུས་ཆུང་དུ་འགྲོ་སྲིད་པ་དང་། དུས་རྒྱུན་དབྱི་ཏོ་སུའུ་སྤྱོད་ཚད་15%ནས་30%བར་མང་དུ་བཏང་ཚེ་གཞི་ནས་སྔོན་དཔག་གི་སྨན་ནུས་ཐོན་གྱི་ཡོད།

    འཚོ་བཅུད། དཔེར་ན་འཚོ་བཅུད་Cཡིས་འབྲས་སྐྲན་བཟོ་བའི་དངོས་པོ་ཡ་ཤའོ་ཨན་བཀག་ནས་ནད་འགོག་ནུས་པ་དང་ཁྲག་ཚིལ་མཐོ་བའི་རྐྱེན་གྱིས་སྙིང་ནད་ཕོག་པ་སོགས་སྔོན་འགོག་གི་ནུས་པ་མཐོ་རུ་གཏོང་ཐུབ། འོན་ཀྱང་ཐ་མག་འཐེན་མཁན་མང་ཆེ་བར་འཚོ་བཅུད་Cམ་འདང་བའི་ནད་རྟགས་དང་ཁྲག་ནང་གི་འདུས་ཚད་དེ་ཐ་མག་མི་འཐེན་མཁན་ལས་30%ཙམ་གྱིས་དམའ་བ་ཡོད་པས་འོས་འཚམ་གྱིས་ཁ་གསབ་བྱེད་དགོས།

སྦྲུམ་འགོག་སྨན་ཟ་བ། ཐ་མག་འཐེན་མཁན་བཙའ་རན་བུད་མེད་ཀྱིས་སྦྲུམ་འགོག་སྨན་བཟས་ཚེ། སྙིང་ནད་ཕོག་ཚད་དང་ཤི་ཚད་དེ་ལོ་མཉམ་གྱི་ཐ་མག་མི་འཐེན་མཁན་ལས་ལྡབ་10ཙམ་གྱིས་མཐོ་བ་ཡོད། ལྷག་པར་དུ་ལོ་35ཡན་དང་ཉིན་ལྟར་ཐ་མག་འཐེན་ཚད་རྐང་15ལས་བརྒལ་མཁན་ལ་སྙིང་ནད་ཕོག་པའི་ཉེན་ཁ་དེ་བས་ཆེ་བ་ཡོད།

    གཞན་ཡང་། ལྷོད་འཇགས་སྨན་དང་། སེམས་སྦུག་དོག་པའི་ནད་འགོག་སྨན་ཨ་མི་ཐི་ལིན་སོགས་དང་ཁྲག་གར་འགོག་སྨན་དང་གཅིན་པ་བབ་བདེ་བའི་སྨན་བཏང་ན་ཐ་མག་འཐེན་རྗེས་ཀྱང་སྨན་ནུས་ལ་ཤུགས་རྐྱེན་ཐེབས་སྲིད། (པར་རིས་ཡོང་ཁུངས།པའེ་ཏུའུ་དྲ་བ།)