སྒྱིད་ལུག་གི་སེམས་ཁམས་འདོར་བའི་ཐབས་ལམ་ལྔ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-06-01   རྩོམ་ཁུངས།    ཉིན་རེའི་གངས་ལྗོངས།

  

   དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་མི་སུ་དང་སུ་ཞིག་ཡིན་རུང་སེམས་ཁྲལ་དང་སུན་སྣང་མང་པོར་འཕྲད་སྲིད་ལ། སེམས་ཁྲལ་དང་སུན་སྣང་གིས་སྒྱིད་ལུག་གི་སེམས་ཁམས་བྱུང་སྟེ། འཚོ་བར་རེ་ཐག་ཆད་པའི་གནས་ཚུལ་ཡང་འབྱུང་ངེས་པས། ང་ཚོས་རང་ཉིད་ཀྱི་སེམས་ཁམས་སྙོམས་སྒྲིག་བྱེད་པ་ལ་བརྟེན་ནས་སྒྱིད་ལུག་གི་སེམས་ཁམས་དང་འབྲལ་ཅི་ཐུབ་བྱེད་དགོས།

སེམས་རྣལ་དུ་ཕབ་སྟེ་བསམ་བློ་གཏོང་བ།

    མི་ཚེའི་བཞུད་ལམ་རིང་མོ་ནི་བདེ་སྡུག་གཉིས་ཀ་མཉམ་དུ་འཛོམས་པ་ཞིག་ཡིན་པས། སྡུག་བསྔལ་དང་སུན་སྣང་ལ་འཕྲད་པའི་སྐབས་སུ། ང་ཚོས་སེམས་རྣལ་དུ་ཕབ་སྟེ་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ་དང་། སེམས་ཁམས་ཀྱི་ཐེག་ནུས་ཇེ་མཐོར་གཏོང་དགོས་ལ། འཇིག་རྟེན་ཁམས་དང་རང་ཉིད་ལ་ངོས་འཛིན་ཡང་དག་བྱེད་དགོས་པ་སྟེ། རང་ཉིད་ཀྱི་བཟང་ཆ་དང་ཡོན་ཏན་ཤེས་དགོས་པར་མ་ཟད། རང་ཉིད་ཀྱི་སྐྱོན་ཆ་དང་མི་འདང་སའང་དང་ལེན་བྱེད་ཤེས་དགོས། བསམ་གཞིག་བྱེད་སྟངས་ཡང་དག་གིས་རང་ཉིད་འཕྲད་པའི་སྡུག་བསྔལ་དང་སེམས་ཁྲལ་ལ་གདོང་གཏོད་ཐུབ་ན། ད་གཟོད་སེམས་ཁྲལ་དང་སུན་སྣང་གི་རྒྱ་ལས་ཐར་ཐུབ། སེམས་ཁྲལ་དང་སུན་སྣང་སོགས་རྙོག་འཛིང་ཆེ་བའི་སེམས་ཁམས་ཀྱིས་མིའི་སེམས་ཁམས་ཀྱི་སྟེང་ནས་ཅི་དང་གང་ལ་སྤྲོ་བ་མེད་པར་སྒྱིད་ལུག་ཏུ་བཅུག་སྟེ། འཚོ་བར་རེ་ཐག་ཆད་པའི་གནས་ཚུལ་འབྱུང་ངེས་རེད། དེ་བས་ང་ཚོ་དཀའ་ཁག་དང་བར་ཆད་ཅུང་ཙམ་ལ་འཕྲད་རྗེས་སེམས་སྡུག་ཚད་མེད་མི་བྱེད་པར། རང་སྟེང་གི་བསམ་བློའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་སེམས་ཀྱི་བཟོད་པ་སྒོམ་ཚད་ཇེ་ཆེར་བཏང་ནས། སེམས་ཁམས་ངན་པ་དེ་དུས་ཐོག་ཏུ་སྤོ་བསྒྱུར་བྱེད་དགོས་ལ། ཀླད་པ་ཟབ་མོ་དང་ཀུན་སྤྱོད་བཟང་པོ་ལ་བརྟེན་ནས་རང་ཉིད་ཀྱི་སེམས་ཁམས་མི་ལེགས་པ་སྙོམས་སྒྲིག་བྱེད་ཤེས་དགོས།

དབུགས་རིང་ལེན་བྱེད་པ།

     སེམས་ཁྲལ་དང་སྡུག་བསྔལ་གྱིས་རང་དབང་མེད་པར་དབུགས་འབྱིན་རྔུབ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། དབུགས་འབྱིན་རྔུབ་བྱེད་ཚད་ཇེ་མགྱོགས་སུ་སོང་ན་ལུས་ཁམས་སྟེང་དུའང་འགྱུར་ལྡོག་བཟོ་སྲིད། དཔེར་ན་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་དང་སྐྱུགས་མེར་ལངས་པ། ཤ་གནད་འདར་བ་སོགས་ཀྱི་གནས་ཚུལ་འབྱུང་ཞིང་། གནས་ཚུལ་དེ་དག་ནི་རང་ཉིད་སྙོམས་སྒྲིག་བྱེད་པའི་དབང་རྩའི་མ་ལག་གི་འགྱུར་ལྡོག་ལས་བྱུང་བ་རེད། དེ་བས་ཁྱོད་ལ་འཚུབ་ཆ་དང་སེམས་ཁྲལ་འབྱུང་བའི་སྐབས་སུ། དབུགས་ལེན་པར་སྙོམས་སྒྲིག་བྱེད་པ་དང་མཉམ་དུ་མིག་བཙུམ་ཏེ་དབུགས་རིང་ལེན་བྱེད་ཞོར་སེམས་ལ་མཛེས་པའི་ཡུལ་ལྗོངས་དང་སྐྱིད་པའི་བྱ་བ་དྲན་དགོས། དེ་ལྟར་བྱས་ན་སེམས་ཁྲལ་དང་སུན་སྣང་གི་སེམས་ཁམས་ལྷོད་གཡེང་དུ་གཏོང་ཐུབ།

ཤ་ལྷོད་པ།

     སེམས་འཚབ་པ་དང་སུན་སྣང་གི་སེམས་ཁམས་ཀྱིས་མིའི་ཁྲག་རྒྱུན་ཁྲོད་ཀྱི་དབྱང་གཉིས་ཐཱན་འགྱུར་དང་དབྱང་དབུགས་ཀྱི་བསྡུར་ཚད་དོ་མཉམ་མི་ཡོང་བར་བྱས་ཏེ། ཁྲག་རྒྱུན་ཁྲོད་ཀྱི་སྐྱུར་བུལ་གཉིས་ཀྱི་དོ་མཉམ་ལ་འགྱུར་བ་བཟོ་ཞིང་། ཤ་གནད་དང་དབང་རྩའི་ཁྲོད་ཀྱི་ཀལ་གྱི་འདུས་ཚད་གློ་བུར་ཇེ་མང་དུ་བཏང་བས། མིའི་ཚོར་བ་སྔར་ལས་སྐྱེན་པོར་བཏང་སྟེ། ལུས་འདར་བ་དང་ཤ་སྒྲིམ་པ་སོགས་ཀྱི་སྣང་ཚུལ་འབྱུང་བ་རེད། དེ་བས་ཤ་ལྷོད་ན་སྣང་ཚུལ་དེ་དག་ལྷོད་འཇགས་སུ་གཏོང་བར་ཕན་པ་ཡོད། ཤ་ལྷོད་དགོས་ཞེས་པ་ནི་ཤ་སྒྲིམ་རྗེས་ཀྱི་ལྷོད་སྣང་དང་བདེ་སྣང་དེ་ཉམས་སུ་མྱོང་བར་འབད་རྒྱུ་དེ་ཡིན་ནོ། །

བསམ་པས་ཚོད་དཔག་བྱེད་པ།

   མིའི་བསམ་ཚོད་ལ་ཤུགས་སྟོན་དང་ཁ་གསབ་རྒྱག་པའི་ནུས་པ་ཡོད་པས། ཁོད་ཡངས་ཤིང་ལྷིང་འཇགས་ཡིན་ལ། མི་སེམས་ལ་བདེ་སྣང་སྟེར་ཐུབ་པ་སྟེ། དཔེར་ན་ཞིང་ཁའི་ཡུལ་ལྗོངས་དང་མཚོ་ཐོག་ཉི་ཤར། རྩྭ་ཐང་། ཕྱུགས་ར། ནགས་ཚལ། མཚེའུ་འགྲམ་སོགས་ཀྱི་ཁོར་ཡུག་དང་ཡུལ་ལྗོངས་ཡག་པོ་བློས་ཚོད་དཔག་བྱས་ན། ལུས་སེམས་གཉིས་ཀ་ལྷོད་ལ་འབབ་ཐུབ།

དོ་སྣང་བྱེད་ཡུལ་བསྒྱུར་བ།

     སེམས་མི་སྐྱིད་པའི་དོན་དག་ཡོད་ཚད་གནས་སྐབས་སུ་བསྐྱུར་དགོས། འཚོ་བའི་ཁྲོད་ཀྱི་གནས་སྐབས་སུ་ཐག་གཅོད་བྱེད་དཀའ་བའི་དོན་དག་ཡོད་ཚད་བསྐྱུར་ཏེ། རང་ཉིད་ལ་གདེང་ཚོད་ཡོད་པའི་དོན་དག་གཞན་པ་བསྒྲུབ་དགོས་པ་དང་། དེ་ནས་རང་ཉིད་ཀྱི་སེམས་ཁམས་ལྷོད་ལ་བབས་རྗེས་ད་གཟོད་དོན་དག་དེ་བསྒྲུབ་དགོས། དེས་མི་ཚད་ད་རུང་རོལ་རྩེད་བྱ་འགུལ་ལ་ཞུགས་པ་དང་ཡང་ན་དཔེ་ཆ་དང་ཚགས་པར་ཀློག་པ་སོགས་ཀྱི་ལས་ལ་ཞུགས་ཏེ་སུན་སྣང་དང་ཡིད་འཚབ་པའི་སེམས་ཁམས་ཞི་ལྷོད་དུ་གཏོང་དགོས།

མདོར་ན། སུན་སྣང་དང་སེམས་ཁྲལ་སོགས་སྒྱིད་ལུག་གི་སེམས་ཁམས་མེད་པར་བཟོས་ཏེ་ཁོར་ཡུག་ལ་འཕྲོད་མཐུན་ཡོང་བ་དང་ཁོར་ཡུག་ལ་འགྱུར་ལྡོག་བཟོ་ཐུབ་པ་ནི་བསམ་བློའི་སྙོམས་ཤུགས་བཟང་བའི་རྟགས་ཤིག་ཡིན་པས། དེས་ཁྱེད་རང་གནས་སྐབས་ཀྱི་དཀའ་ཁག་ལས་ཐར་བར་རོགས་རམ་བྱེད་ཐུབ་པར་མ་ཟད། གནས་བབ་ངན་པའི་ཁྲོད་དུ་དཔའ་ངར་ཞུམ་མེད་དང་འབད་བརྩོན་ལྷོད་མེད་ཡོང་བར་བྱེད་ཐུབ་བོ། །