སྨར་ཁམས་ཀྱི་རྒྱུད་གསུམ་པི་ཝང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-29   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        བོད་ནི་གླུ་གར་གྱི་རྒྱ་མཚོར་འབོད་པ་ལས། བོད་མི་དམངས་ནི་རྐང་བྲོ་གླུ་གཞས་ལ་དགའ་བ་ཞིག་ཡིན་པ་རྟོགས་ཐུབ་ཅིང་། སྨར་ཁམས་ཀྱི་པི་ཝང་ནི་བོད་ཀྱི་གླུ་གར་རྒྱ་མཚོ་ལས་བཞད་པའི་པད་མའི་མེ་ཏོག་ཅིག་ཡིན་ཏེ། དེའི་བབ་ཆགས་དང་། འགྱིང་ཉམས། བློ་གཤོག སྤྲོ་ཉམས་ཀྱིས་རང་གནས་ཁུལ་གྱི་འཚོ་བ་མཚོན་ཞིང་། བརྩེ་དུང་ཕྱུངས་པར་བྱེད་པས། མཛེས་དཔྱོད་དང་སྒྱུ་རྩལ་གང་ཐད་ནས་དམིགས་སུ་བསལ་བའི་ཁྱད་ཆོས་དུ་མས་ཕྱུག་པར་བརྟེན། བོད་ཀྱི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་བྱེད་པ་ལས་བྱུང་བའི་རྩ་ཆེའི་ཤུལ་བཞག་རིག་གནས་ཤིག་ཡིན།

        རྒྱུད་གསུམ་པི་ཝང་ནི་ཆུ་རྩེ་མཁར་ཤང་མདའ་ཞང་གྲོང་ཚོར་བྱུང་ཞིང་། ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ཡོད། ཐོག་མར་བྱུང་བ་ནས་ད་ལྟའི་བར་གྲོང་ཚོ་དེ་ཁོ་ནར་གནས་ཤིང་། ཤོད་རྒྱུན་ལ་ལྟོ་ཚེ་འཕྱིད་བྱེད་ཀྱི་སྒྱུ་རྩལ་ཞིག་ཡིན་སྐད། སྤྱི་ཚོགས་རྙིང་པའི་སྐབས་སུ་རིག་གནས་འདི་རིགས་ལ་མཐོང་ཆེན་མེད་ཀྱང་། བཅིངས་འགྲོལ་བཏང་རྗེས། ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ད་གཟོད་འཕེལ་རྒྱས་དང་གསོན་ཤུགས་ཕྱུངས་པ་ཡིན། སྒྱུ་རྩལ་པ་རྒན་གྲས་ཀྱིས་གསུངས་པ་ལྟར་ན། བྲོ་འདིར་ཐོག་མར་མི་བཅུ་གསུམ་ཡོད་ཅིང་། ད་ལྟ་དེའི་གཞུང་ལ་རྒྱུས་མངའ་ཡོད་མཁན་མི་བདུན་ཙམ་ལས་མེད་ཅེས་གསུངས། ཆུ་རྩེ་མཁར་གྱི་བྲོ་འདི་སྤྱི་ལོ་༡༩༦༥ལོར་རང་སྐྱོང་ལྗོངས་དབུ་བརྙེས་སྐབས་ཆབ་མདོ་ཁུལ་དུ་འཁྲབ་སྟོན་བྱས་པར་མི་དམངས་ཀྱི་གདེང་འཇོག་མཐོ་ཙམ་བྱུང་ཞིང་། དེ་ནས་རིམ་བཞིན་དར་ཁྱབ་སོང་བ་ཡིན།

        རྩ་བའི་ནང་དོན་ནི་གཞས་ཡིན་ཞིང་། པི་ཝང་གི་བྲོ་འདི་ནི་མི་རྣམས་མཉམ་དུ་འཛོམས་ནས་རྒྱུད་གསུམ་པི་ཝང་ཅན་གཅིག་གམ་དེ་ལྷག་གི་རྗེས་སུ་འབྲངས་ཏེ། དབྱངས་རྟ་དང་བསྟུན་ནས་ལག་གི་ཕུ་ཐུང་ལིང་ངེར་འཁྲབ་པར་བྱེད་པའི་སྒྱུ་རྩལ་ཞིག་ཡིན། ཡུལ་འདིའི་བྲོ་ལ་ཐུན་མོང་མ་ཡིན་པའི་གསོན་ཤུགས་དང་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པས། རིམ་བཞིན་ཆ་ལག་ཚང་བའི་བྲོ་ཡི་རྣམ་པ་ཞིག་ཏུ་གྱུར་བ་ཡིན། གསལ་ལ་དྭངས་པའི་པི་ཝང་གི་དབྱངས་རྟའི་འགྲོས་ལ་བསྟུན་ནས་གར་སྟབས་འགྱུར་བའི་དབྱངས་རྟ་དམིགས་སུ་བསལ་ཞིང་། མི་གྲངས་དང་ཕོ་མོའི་ངེས་པ་མེད་པར་ཕོ་གཞོན་མོ་གཞོན་མཉམ་བསྲེས་སུ་གྱེར་ལེན་གྱེར་འཇོག་དང་འཁྲབ་ལེན་ཟུང་འཇུག་བྱེད། དམག་འཁྲུག་མུ་གེ་མེད་པ་དང་། ལོ་ཆུ་རྟག་ལེགས་ཡོང་བའི་སྨོན་ལམ་གྱིས་ནང་དོན་གཙོ་བོར་བྱས་པའོ། སྙན་ལ་འཇེབས་པ་ནས་མགོ་བརྩམས་ཏེ། འཇམ་ལ་མཚར་བའི་ཉམས་གསལ་བར་བྱས་ནས་དབྱིངས་ལ་བཞུགས་ཤིང་སྤྲོ་བས་འཕྱུར་དུས་མཇུག་བསྡུ་བ་ཡིན། གང་ལྟར་ཡང་འདིས་རང་འཁྲབ་པ་པོ་དང་གཞན་ལྟ་བ་པོ་གཉིས་ཀ་གར་གྱི་དབྱིངས་ལ་ལམ་སེང་ཞུགས་པར་བྱེད་དོ། རྒྱུད་གསུམ་པི་ཝང་ནི་དཀྲོལ་གཏོང་འཁྲབ་གསུམ་མཉམ་འཇུག་གི་འཆད་གྱེར་བྱེད་པའི་རམ་འདེགས་དཀྲོལ་གཏོང་རོལ་ཆ་ཡིན། སྒྱུ་རྩལ་པས་གསུངས་པ་ལྟར་ན། སྤྱི་ཚོགས་རྙིང་པའི་སྐབས་སུ་པི་ཝང་གི་རྒྱུད་སྐུད་ནི་རི་དྭགས་ཀྱི་རྩ་རྒྱུད་སྤྱད་པ་སོགས་ལས་བྱུང་ཞིང་། སྐད་གདངས་སྙན་ལ་འཇེབས་ཀྱང་། དེང་དུས་ནི་རྒྱུད་སྐུད་སྟོང་སྐུད་ཀྱིས་བྱས་པའོ། འདི་ལྟར་སྨར་ཁམས་རྫོང་གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་སྒྱུ་རྩལ་པ་རྣམས་ཀྱིས་འཚོལ་བསྡུ་ལེགས་སྒྲིག་རིམ་པར་བྱས་ཤིང་། བློ་གྲོས་ཀྱི་རྩལ་ཕྱུངས་བ་ལས་སྒྱུ་རྩལ་འདི་ཡི་གསོན་ཤུགས་སླར་ཡང་རྒྱས་པ་ཡིན་ནོ། །

        ཁྱད་ཆོས་གཙོ་བོ་ནི། ཆུ་རྩེ་མཁར་ཤང་ནི་སི་ཡུན་ཁྲོན་བོད་དང་བཅས་པའི་ས་སྦྲེལ་ཏུ་གནས་པས། རྒྱུད་གསུམ་པི་ཝང་བྲོ་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་བ་མ་ཟད། རྣམ་པ་དམིགས་སུ་བསལ་ཞིང་། མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན། འདིས་ཇ་འདྲེན་ཚོང་ལམ་གྱི་ལོ་རྒྱུས་ཞིབ་འཇུག་དང་། བོད་རྒྱ་ནག་ཤི་སོགས་མི་རིགས་དབར་གྱི་མཛའ་འབྲེལ་འགྲོ་འོང་དང་། བོད་རྒྱ་སོགས་ཀྱི་ལོ་རྒྱུས་ཤེས་རྟོགས་བྱེད་རྒྱུར་དཔྱད་གཞི་ཕུན་སུམ་ཚོགས་པར་མཁོ་སྤྲོད་བྱས་ཡོད།

        གལ་ཆེའི་རིན་ཐང་ནི། ༡ རིག་གཞུང་གི་རིན་ཐང་། ཀྲུང་གོའི་བྲོ་ཡི་ལོ་རྒྱུས་ནང་བོད་ཀྱི་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཡིན་ཕྱིན། རྒྱུད་གསུམ་བྲོ་འཚོལ་བསྡུ་ལེགས་སྒྲིག་དང་། འཚོལ་རྙེད་སྲུང་སྐྱོང་བྱས་པ་འདིས་ས་མཐོའི་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ཡིན། འདིའི་ཕུན་སུམ་ཚོགས་པའི་ནང་དོན་དང་ཁྱད་དུ་འཕགས་པའི་སྒྱུ་རྩལ་འདི་ནི་བོད་ཀྱི་གླུ་གར་དེ་བས་གྲ་མ་ཆགས་པ་དང་། ཟུར་མ་ཉམས་པར་བྱས་ལ། མེས་རྒྱལ་གྱི་གླུ་གར་རིག་གནས་ཀྱང་ཚགས་ཚུད་པར་བྱས་པ་ཡིན་ནོ། ༢ བེད་སྤྱོད་ཀྱི་རིན་ཐང་། རྒྱུད་གསུམ་བྲོ་འཚོལ་རྙེད་ལེགས་སྒྲིག་བྱས་པ་འདིས་བོད་ཙམ་མ་ཟད། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་བཅུད་གསར་བླུགས་པ་དང་འདྲ་བས། མི་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། གཞི་སྤུས་ཇེ་ལེགས་ཏུ་ཕྱིན་ཏེ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་གཏོད་པར་ལེགས་སྐྱེས་ངེས་ཅན་ཕུལ་ཡོད་དོ། །