ཉི་མ་མེ་ཏོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-27   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        མིང་གཞན། ཉི་དགའ་མེ་ཏོག

        ཀྲུང་མིང་། 向日葵

        རྒྱལ་སྤྱིའི་ཐ་སྙད། HelianthusannuusL

        སྐྱེ་ཁོངས། དྲང་སྲོང་མེ་ཏོག་གི་སྡེ། ཉི་མ་མེ་ཏོག་གི་ཁོངས་གཏོགས།

        སྐྱེ་དབྱིབས། འདི་ནི་ལོ་རེ་བཞིན་བཏབ་ན་སྐྱེ་བའི་མེ་ཏོག་རིགས་ཀྱི་སྐྱེ་དངོས་ཤིག་ཡིན་ཞིང་། རྩ་བ་ཨ་ར་འདྲ་བའི་རྩ་བ་ཡིན་པ་དང་། སྡོང་པོ་འདྲོང་ཞིང་ཅུང་སྦུམ་ལ་སྤུ་དཀར་རྩུབ་པོ་ཡོད་པའི་ཁོང་པ་སོབ་པ་རྐྱང་བར་སྐྱེ་བ། ལོ་མ་སྔོ་ལྗང་མཐུག་ལ་ཅུང་ཆེ་བ་སྙིང་དབྱིབས་ཀྱི་མཐར་ཉག་ག་ཞིབ་པ་སོག་ལེའི་སོ་འདྲ་བ་ཡོད་པ་དང་ངར་བ་རིང་ལ་རེ་མོས་སུ་སྐྱེས་ཡོད། མེ་ཏོག་སེར་པོ་ཟེའུ་འབྲུ་ནག་ཁྲའམ་སེར་སྐྱས་གང་ནས་ཡོད།

        འཐུ་དུས་དང་ལས་སྣོན། སྨན་ལ་མེ་ཏོག་ཡལ་ཟིན་པའི་འདབ་གདན་དང་། འབྲུ་བཏོན་ཚར་བའི་སྡེར་མ། སྡོང་པོའི་ནང་སྙིང་བཅས་སྟོན་ཁ་སོ་སོར་བཏུས་ཏེ་སྐམ་ནས་བེད་སྤྱོད་བྱེད་རྒྱུ།

        རོ་ནུས་ཞུ་རྗེས། རོ་མངར་བ་དང་། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་སྣུམ་པའོ། །

        རྐྱང་བའི་ཕན་ཡོན། ལུས་ཟུངས་དང་མཁལ་ནུས་ཉམས་པ་གསོ་ཞིང་། མགོ་ཡུ་འཁོར་བ་དང་རྣ་འུར་བ། སྦྲུམ་ལྡན་གྱི་སྐྲངས་སྤོས་སོགས་ལ་ཕན་པ་དང་། སྡེར་མས་ཁྲག་ཤེད་མཐོ་བའི་མགོ་ཡུ་འཁོར་བ་དང་རྒྱུ་ཚད། གཅིན་སྙི་ཟ་ཁུའི་ནད། གཅིན་ལམ་གྱི་གཉན་ཚད་སོགས་ལ་ཕན། སྡོང་པོའི་ནང་སྙིང་གིས་བུ་སྣོད་ནས་ཁྲག་འཛགས་པ་ལ་ཕན་ནོ། །