རང་རྒྱལ་གྱིས་གཉེན་སྒྲིག་མ་བྱས་གོང་གི་བདེ་སྲུང་དང་དབང་པོ་མ་ཚང་བའི་ཕྲུ་གུ་མ་སྐྱེས་གོང་གི་འགོག་བཅོས་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-26   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཉིན་ཤས་གོང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། དམངས་སྲིད་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ《གཉེན་སྒྲིག་གོང་གི་བདེ་སྲུང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ས་ཁུལ་ཁག་གིས་གཉེན་སྒྲིག་མ་བྱས་གོང་གི་བདེ་སྲུང་དང་དབང་པོ་མ་ཚང་བའི་ཕྲུ་གུ་མ་སྐྱེས་གོང་གི་འགོག་བཅོས་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་ཐད་མཛུབ་ཁྲིད་བྱས་པ་རེད།

        བརྡ་ཐོའི་ནང་ནན་བཤད་བྱས་དོན། ས་ཁུལ་ཁག་གིས་གཉེན་སྒྲིག་དང་བུ་བཙའི་དུས་མཚམས་མི་འདྲ་བའི་ཞབས་འདེགས་ཞུ་ཡུལ་ལ་དམིགས་ནས། སྤུས་ལེགས་ནུས་ཆེ་དང་རིམ་ལྡན་རྒྱུན་མཐུད་ཀྱི་གནད་སྨིན་ཞབས་འདེགས་ཞུ་དགོས། གཉེན་སྒྲིག་བྱེད་རྩིས་ཡོད་ཀྱང་ཕྲུ་གུ་གནས་སྐབས་སྐྱེ་རྩིས་མེད་པའི་རིགས་ལ། གཉེན་སྒྲིག་མ་བྱས་གོང་གི་བདེ་སྲུང་དང་སྦྲུམ་འགོག་ཞབས་འདེགས་ཞུ་བ། གཉེན་བསྒྲིགས་ནས་ཕྲུ་གུ་སྐྱེ་འདོད་ཡོད་རིགས་ལ། ཕྲུ་གུ་མ་སྐྱེས་གོང་གི་ལེགས་བཙའ་བདེ་ཐང་གི་བརྟག་དཔྱད་དང་། ཚན་རིག་དང་མཐུན་པའི་མངལ་སྦྲུམ་མཛུབ་ཁྲིད་སོགས་ཀྱི་ཞབས་འདེགས་ཞུས་ནས་མ་བུ་བདེ་ཐང་གི་ལག་དེབ་སྤྲོད་དགོས། ལོ་ཚོད་མཐོ་བ་དང་ཡང་ན་ཁྱིམ་རྒྱུད་ལ་རྒྱུད་ཀྱི་ནད་ཡོད་མཁན་ཕྲུ་གུ་སྐྱེ་འདོད་ཡོད་རིགས་ལ། དམིགས་སའི་རང་བཞིན་ལྡན་པའི་བུ་བཙའི་བློ་འདྲི་མཛུབ་ཁྲིད་དང་ཡང་ན་རྒྱུད་ཀྱི་ནད་ཀྱི་སྐོར་བློ་འདྲི་བྱེད་དགོས་པ་མ་ཟད། ད་དུང་མངལ་འཁོར་རྗེས་ནས་ཕྲུ་གུ་མ་སྐྱེས་གོང་གི་དུས་ལྟར་བརྟག་དཔྱད་སོགས་ཀྱི་ཞབས་འདེགས་ཞུས་ནས། མངལ་མ་འཁོར་གོང་གི་བདེ་སྲུང་དང་མངལ་འཁོར་སྐབས་ཀྱི་བདེ་སྲུང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས།