བོད་མིའི་དུར་འཇུག་ལ་རིགས་གང་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-25   རྩོམ་ཁུངས།    གངས་རླུང་།

        གཅིག ས་ལ་སྦེད་པ།

        བོད་ཀྱི་དུར་འཇུག་བྱེད་ཚུལ་སྔ་ཤོས་ནི་ས་འོག་ཏུ་སྦེད་རྒྱུ་དེ་ཡིན་ཏེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དག་ལས་གྲི་གུམ་བཙན་པོའི་བང་སོ་ནི་བང་སོའི་ནང་གི་ལྔ་ཤོས་དེ་ཡིན་པར་གྲགས་པ་དང་། དེ་ཡང་རྒྱལ་པོའི་བང་སོའི་སྐོར་ཡིན་པ་ལས་དུར་རམ་བང་སོའི་སྔ་ཤོས་ནི་ཇི་ཙམ་ལ་བྱུང་བ་བརྗོད་པར་དཀའ་སྟེ་ཉེ་བའི་ལོ་ཤས་ནང་བརྙེད་པའི་བང་སོ་འགའ་ཞིག་ནི་ལོ་གསུམ་སྟོང་ལྷག་སོང་ཟིན་སྐད་འདུག་ཅིང་གང་ལྟར་ནའང་བོད་དུ་ནང་པ་སངས་རྒྱས་ཀྱི་ཆོས་འདི་ས་ཁྱབ་རྡོ་ཁྱབ་ཏུ་མ་དར་བར་དུ་ནི་ཕུང་པོ་ས་འོག་ཏུ་སྦེད་རྒྱུ་དེ་ཁོ་ན་ཡིན་པར་ཐེ་ཚོམ་མི་དགོས་པ་ཞིག་ཡིན་ལ་སངས་རྒྱས་ཆོས་ལུགས་བོད་དུ་དར་ནས་ཀྱང་ཡུན་རིང་པོ་ཞིག་གི་རིང་ལ་སྔར་མུས་སུ་བང་སོ་བརྩིགས་ནས་དུར་དུ་འཇུག་མུས་སུ་ཡོད་པ་དཔེར་ན་རྒྱལ་པོ་གླང་དར་མ་འུ་དུམ་བཙན་གྱི་སྐབས་སུ་ནི་སངས་རྒྱས་ཀྱི་ཆོས་ལུགས་དར་ནས་རྒྱལ་རབས་དྲུག་ཙམ་སོང་ཡང་ད་དུང་བང་སོ་རྩིག་མུས་སུ་ཡོད་པ་སྟེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དག་ལས་གླང་དར་གྱི་བང་སོ་ནི་བོད་ཀྱི་བཙན་པོའི་བང་སོ་མཐའ་མ་དེ་ཡིན་ལ་བོད་ཀྱི་བང་སོའི་མཐའ་མ་ཡང་དེ་ཡིན་ཀྱང་ཕུང་པོ་ས་འོག་ཏུ་སྦེད་པའི་སྲོལ་གྱི་མཐའ་མ་ནི་མ་ཡིན་པར་བསྟན་པ་ཕྱི་དར་གྱི་གཡི་དུས་བར་དུ་གནས་པར་སྣང་ངོ་། །དེ་ཡང་ཉེ་བའི་ལོ་འགའི་ནང་དུ་བརྙེད་པའི་དུར་སའམ་བང་སོ་རྣམས་ལ་གཞིགས་ན་འདས་པོ་དང་མཉམ་དུ་འདས་པོའི་རྟ་དང་མཚོན་ཆ་དང་རྒྱན་ཆ་སོགས་སྦེད་ཀྱི་ཡོད་འདུག་པ་ལ་བསམ་ན་སྐབས་དེའི་མི་རྣམས་ཀྱི་སེམས་ལ་མཉམ་དུ་སྦས་པའི་དངོས་པོ་དེ་དག་འདས་པོ་དེར་བེད་སྤྱོད་བྱེད་དབང་ཡོད་པར་སྙམ་གྱི་ཡོད་པ་རེད། དུས་ཕྱིས་སུ་ནི་སངས་རྒྱས་ཀྱི་བསྟན་པ་གཏིང་ཟབ་ཏུ་སོང་བའི་རྐྱེན་གྱིས་རྣམ་ཤེས་དང་བྲལ་ཟིན་པའི་ཕུང་པོ་ནི་སེམས་མེད་བེམ་པོའི་དངོས་པོར་གྱུར་ཟིན་པ་དེ་ལ་དུར་དངོས་མང་པོ་ཞིག་དང་ཆབས་ཅིག་འགྲོ་སོང་མང་པོ་ཞིག་གཏོང་བ་ནི་དགོས་མེད་དུ་མཐོང་ཞིང་། བེམ་པོར་གྱུར་པའི་ཕན་མེད་ཀྱི་དངོས་པོ་དེ་ཡང་བྱ་དང་ཉ་སྦལ་སོགས་ཀྱི་ཟས་སུ་གྱུར་ན་དོན་དང་ལྡན་པར་བསམ་སྟེ་ཆུར་བསྐྱར་བ་དང་བྱ་གཏོར་བྱེད་པའི་སྲོལ་དར་ནས་དུར་དུ་སྦ་བའི་སྲོལ་དེ་སྤྱིར་མེད་པར་གྱུར་ཟིན་མོད། འོན་ཀྱང་དམིགས་བསལ་གནས་ཚུལ་འགའ་ཞིག་གི་འོག་ཏུ་རོ་ས་འོག་ཏུ་སྦ་དགོས་པ་དེ་འདྲ་ནི་དེང་སང་ཡང་ཡོད་པ་སྟེ་མཛེ་ནད་སོགས་འགོས་ནས་ཤི་བ་ནི་བྱ་གཏོར་བྱེད་མི་རུང་ལ་ཆུར་ཡང་བསྐྱུར་མི་རུང་བར་བཤད་དེ་རྒྱུ་མཚན་ནི་དེ་ལྟར་བྱས་ཚེ་བྱ་རྒོད་དང་ཉ་སོགས་ཀྱིས་བཟས་ན་དེ་ཚོར་གནོད་ཀྱི་ཡོད་པས་ཡིན་པ་དང་། གཞན་ཡང་བྱིས་པ་ཆུང་ངུ་ལོ་བཅུ་གསུམ་མ་ལོན་པ་རྣམས་ནི་བྱ་གཏོར་བྱས་ཚེ་བྱ་མང་པོ་བབས་ནས་བྱའི་གྲོད་པ་མི་རྒྱགས་པས་ཆུར་སྐྱུར་དགོས་པ་ཡིན་ཀྱང་དམིགས་བསལ་གྱི་གནས་ཚུལ་ཏེ་མོ་རྩིས་སོགས་ལས་བྱིས་པ་འགའ་ཞིག་གི་ཕུང་ཁྱིམ་གྱི་སྒོ་ཕྱིར་བཏོན་ན་གཡང་ཤོར་བྱེད་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཕྱིར་འདོན་མི་རུང་བ་དེ་འདྲའང་ཡོང་གི་ཡོད་པས་དེ་འདྲ་ཡོང་དུས་ཕུང་པོ་དེར་ཁ་ཆེ་ཤ་སྐམ་དང་ཚྭ་ཆུ་སོགས་སྨན་སྣ་བྱུག་སྟེ་ཁོག་མའི་ནང་དུ་བཅུག་ནས་ཁྱིམ་ཚང་དེ་གའི་ཁང་པའི་འོག་ཐོག་གི་རྩིག་ཟུར་དུ་རྩིག་པ་བརྒྱབ་ཏེ་སྦ་བའམ། ཕུང་པོ་བླུག་པའི་ཁོག་མ་འོག་ཐོག་གི་ཟུར་དུ་གདུང་མར་བཏགས་ནས་འཇོག་སྲོལ་ཡང་ཡོད་པ་རེད།

         གཉིས། བྱ་གཏོར།

        བོད་རིགས་ཀྱིས་ཕུང་པོ་བྱ་གཏོར་བྱེད་པ་མཐོང་ཐོས་བྱུང་སྐབས་རྒྱུས་མེད་ནུབ་ཕྱོགས་པ་སོགས་ནི་ཤིན་ཏུ་ཡ་ང་བ་ཞིག་ཏུ་མཐོང་གི་ཡོད་མོད། འོན་ཏེ་བོད་རིགས་རང་ངོས་ནས་བལྟས་ན་ནི་ཤེས་རིག་གོང་འཕེལ་བྱུང་བའི་ལུགས་བཟང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གོང་དུ་བརྗོད་པ་ལྟར་གནའ་དུས་སུ་ནི་ཕུང་པོ་བྱ་གཏོར་བྱེད་པ་སོགས་ཀྱི་སྲོལ་མེད་པར་དུར་དུ་སྦེད་པ་མ་ཟད་གཤིན་པོའི་ཕུང་པོ་དང་མཉམ་དུ་རྟ་དང་གཡག་སོགས་ཀྱང་སྦེད་ཀྱི་ཡོད་ཀྱང་དུས་ཕྱིས་སངས་རྒྱས་ཀྱི་ཆོས་ལུགས་ཤིན་ཏུ་དར་འཕེལ་བྱུང་ནས་མི་ཡི་རྣམ་ཤེས་ལུས་པོ་དང་བྲལ་བའི་རྗེས་སུ་ཕུང་པོ་དེ་ནི་ས་རྡོ་དང་མཚུངས་པར་བེམ་པོའི་དངོས་པོར་གྱུར་ཟིན་པས་ལུས་དེ་སྐྱོན་མེད་དུ་བཞག་ཐོག་དེ་ལ་སྤྱོད་དབང་དང་སྤྱོད་པའི་ནུས་པ་གང་ཡང་མེད་བཞིན་དུ་དེ་དང་མཉམ་དུ་དངོས་པོ་འཇོག་པ་དང་ལྷག་པར་དུ་ཉེས་མེད་རྟ་གཡག་ཀྱང་བསད་ནས་མཉམ་དུ་སྦ་བ་ནི་དགོས་པ་གང་ཡང་མེད་པ་མ་ཟད་སྡིག་པའི་རྒྱུར་མཐོང་བ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀྲེས་ལྟོགས་ཀྱིས་མནར་བའི་སྟག་མོ་མ་བུར་སྐུ་ལུས་སྦྱིན་པར་བཏང་བ་ཡིན་པས་དེ་ལྟ་བུ་མ་བྱུང་ཡང་རྣམ་ཤེས་དང་བྲལ་ཏེ་བེམ་པོར་གྱུར་ཟིན་པའི་ཕུང་པོ་ལ་དེ་ཙམ་ཆགས་ཞེན་བྱ་རིན་མེད་པས་ལུས་ཀྱི་ལྷག་མ་དེའང་སྦྱིན་པར་བྱས་ན་རང་གཞན་ཀུན་ལ་དགེ་ཚོགས་དེའི་འབྲས་བུ་བཟང་པོ་འཐོབ་པའི་ཡིད་ཆེས་བྱས་ཏེ་ཕུང་པོ་བྱ་གཏོར་བྱེད་པའི་སྲོལ་དེ་དར་ཞིང་བོད་དུ་འགྱུར་བ་མེད་པར་གནས་མུས་ཡིན། འོན་ཀྱང་གོང་དུ་བཤད་པ་ལྟར་དུག་གིས་ཤི་བ་དང་འགོས་ནད་ཀྱིས་ཤི་བ། མཚོན་ཐོག་ཏུ་ཤི་བ་སོགས་ནི་བྱ་གཏོར་བྱེད་མི་ཆོག་པ་ཡིན་པས་མཚོན་འོག་ཤི་བ་ནི་ཆུར་བཤམས་པ་དང་འགོས་ནད་དང་དུག་འཕོག་སྟེ་ཤི་བ་དེ་རིགས་ནི་ས་ལ་སྦེད་ཀྱི་ཡོད་པ་ནི་དེང་དུས་ཀྱང་འགྱུར་བ་ཕྱིན་མེད་པ་རེད།

        གསུམ། ཞུགས་འབུལ་ཏེ་མེ་ལ་སྲེག་པ།

        ཕུང་པོ་མེར་སྲེག་གཏོང་བའི་སྲོལ་དེ་ཡང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དར་རྒྱས་བྱུང་རྗེས་དར་བ་ཞིག་ཡིན་པ་ལས་གནའ་དུས་ནས་ཡོད་པ་ཞིག་ནི་མ་ཡིན། དེ་ཡང་བླ་མའམ་དགེ་བཤེས་ལྟ་བུ་ཕལ་ཆེར་ནི་ཞུགས་འབུལ་ཞུས་ཏེ་པུར་ཐལ་ལ་གསེར་དངུལ་གྱི་གདུང་རྟེན་བཞེངས་ཏེ་དགོན་པའམ་གཙུག་ལག་ཁང་དག་ཏུ་དད་རྟེན་དུ་ཞུགས་སུ་གསོལ་བ་དང་། གཞན་ཡང་སྐབས་རེ་སྐྱེ་བོ་ཕལ་པ་འགའ་ཞིག་ཀྱང་རྩིས་འབྲས་ལས་ཞུགས་འབུལ་བྱེད་དགོས་པ་ཐོན་ཏེ་ཞུགས་འབུལ་བྱེད་པ་ཡིན་ཅིང་། དེ་ལྟར་ཞུགས་འབུལ་བྱས་ཚེ་པུར་ཐལ་རྣམས་སཙྪ་བཏབ་སྟེ་མཆོད་རྟེན་སོགས་ཀྱི་ཐོག་ཏུ་འཇོག་གི་ཡོད།

        བཞི། དམར་གདུང་བཞེངས་པ།

        བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་གདུང་ཞུགས་འབུལ་ཞུ་བ་ཕུད་ད་དུང་སྐུ་གདུང་སྐྱོན་མེད་དུ་བཞག་སྟེ་དམར་གདུང་ཞུགས་པའི་གདུང་རྟེན་བཞེངས་སྲོལ་ཡོད་པ་རེད། དེ་ཡང་སྐུ་གདུང་གཙང་མར་བཀྲུས་ཤིང་གུར་ཀུམ་སོགས་བཟང་དྲུག་སྨན་བྱུག་ཏེ་སྐུ་གདུང་རང་གཤོང་གི་ཟངས་ཀྱི་སྒྲོམ་གྱི་ནང་དུ་ཙོག་པུར་བཞག་ཐོག་དེའི་ནང་དུ་ཚྭ་དང་སོལ་བ་བཅུག་ཐོག་སྒྲོམ་གྱི་ཁ་དམ་པོ་བརྒྱབ་སྟེ་སྒྲོམ་དེ་ཡང་གསེར་དངུལ་ཟངས་གསུམ་མམ་ས་རྡོའི་མཆོད་རྟེན་བཞེངས་པའི་ནང་དུ་འཇོག་གི་ཡོད་པ་དེ་ལ་དམར་གདུང་གི་མཆོད་རྟེན་ཞེས་བརྗོད་པ་དང་། དེ་ལྟ་བུའི་དམར་གདུང་མང་པོ་ཞིག་ཉམས་པ་མེད་པར་གནས་པ་མ་ཟད། དབུ་སྐྲ་ཡང་སྐྱེ་ཡི་ཡོད་པ་ནི་དཔེར་ན། ཀུན་མཁྱེན་འཇིགས་མེད་གླིང་པ་ཞེས་རྙིང་མའི་བླ་ཆེན་ཞིག་ཡོད་པ་དེ་སྤྱི་ལོ་1798ལོར་གཤེགས་པའི་སྐུའི་དམར་གདུང་ལྷོ་ཁ་འཕྱོངས་རྒྱས་ཚེ་རིང་ལྗོངས་སུ་ཡོད་པ་དེ་རིག་གནས་གསར་བརྗེའི་སྐབས་སུའང་མ་བསྐམས་ཤིང་དྲི་མ་མེད་ལ་དབུ་སྐྲའང་རིང་པོ་འཁྲུངས་ཡོད་པ་སྐབས་དེར་ས་གནས་དེ་གའི་མིས་མཐོང་ཆོས་སུ་གྱུར་པ་དང་། དེ་དང་དེ་འདྲ་བའི་ལོ་རྒྱུས་དུ་མ་ཡོད་ཀྱང་སྐབས་འདིའི་བརྗོད་བྱ་གཙོ་བོ་མིན་པས་འདི་ཙམ་གྱིས་ཆོག་པ་བྱས་སོ། །

        ལྔ། ཆུར་བཤམས་པ།

        ༡ ལོ་བཅུ་གསུམ་མ་ལོན་པའི་བྱིས་པ་ཤི་བའི་ཕུང་པོ་ནི་དུར་ཁྲོད་དུ་བྱ་འགྲེམས་བྱེད་སྲོལ་མེད། དེའི་རྒྱུ་མཚན་ནི་ཕུང་པོ་དུར་ཁྲོད་དུ་བྱ་གཏོར་བྱེད་པའི་ཚེ་བྱ་འབེབས་བྱས་ཏེ་བྱ་རྒོད་མང་པོ་ཞིག་བབ་ཡོང་གི་ཡོད་པས་ནར་མ་སོན་པའི་བྱིས་པའི་ཕུང་པོས་བྱ་རྒོད་མང་པོ་ཞིག་གི་གྲོད་པ་རྒྱགས་ཀྱི་མེད་པ་མ་ཟད། བྱ་རྒོད་དབང་ཆུང་བ་མང་པོ་ཞིག་ལ་ལྟོ་རག་གི་མེད་པས་དེ་ཡང་ཉེས་པའི་རྒྱུར་བསམ་སྟེ་བྱིས་པའི་ཕུང་པོ་ཆུར་བསྐྱུར་བ་རེད་ཅེས་བརྗོད་སྲོད་ཡོད་པ་དང་།

        ༢ མཚོན་འོག་ཏུ་ཤི་བ་ནི་བྱ་འགྲེམས་བྱེད་མི་རུང་བས་ཆུ་ལ་བཤམས་ཀྱི་ཡོད་པ།

        ༣ གནམ་གཤིས་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་སྐབས་རེ་ཕུང་པོ་དུར་ཁྲོད་དུ་སླེབས་ནས་བྱ་འབེབས་ཇི་ལྟར་བྱས་ཀྱང་མ་བབ་པར་ཆུ་ལ་བཤམས་དགོས་པ་ཡོང་གི་ཡོད་པ།

        ༤ དུར་ཁྲོད་ཐག་རིང་བ་དང་གཤིན་པོའི་ཁྱིམ་ཚང་གི་ཆ་རྐྱེན་ཞན་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཆུ་ལ་བཤམས་དགོས་པ་ཡང་ཡོད་པ།

        ༥ ཡང་འགའ་ཞིག་ནི་རྩིས་འབྲས་ལས་ཆུར་བཤམས་དགོས་པའང་བབས་ནས་དེ་ལྟར་བྱེད་པ་ཡིན། གོང་གསལ་དུར་འཇུག་ཁག་དེ་དག་ལས་ས་འོག་སྦེད་དགོས་པ་ནི་ཐ་མར་བརྩིས་ཀྱི་ཡོད་དེ་མི་ཕན་ཚུན་ཁ་རྩོད་བྱས་ཏེ་ངན་སྨོད་བྱེད་སྐབས་ཀྱང་མི་ངན་ས་སྦེད་གཏོང་རྒྱུ་ཞེས་བརྗོད་ཀྱི་ཡོད་པ་ལྟ་བུའོ།


༦ གཞིས་རྩེ་ས་ཁུལ་གྱི་གངས་རོ་ཞེས་པར་རི་ལ་སྦེད་པའི་སྲོལ་ད་ལྟའང་ཡོད་པར་བཤད།