ལྷ་རྩེའི་བོད་གྲི་བཟོ་རྩལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-22   རྩོམ་ཁུངས།    མཚོ་སྔོན་པོ།

    བོད་གྲི་ནི་བོད་ཀྱི་བཟོ་རྩལ་གྱི་ཐོན་རྗས་ཁྲོད་ནས་ཚབ་བྱེད་ནུས་པ་ཐོན་པའི་དངོས་པོ་ཞིག་ཡིན། བོད་གྲིར་ཐོན་སྐྱེད་བྱེད་པ་དང་། འཚོ་བར་མཁོ་བ། རང་སྲུང་བྱེད་པ། མཛེས་བཟོ་བཅས་ཀྱི་ནུས་པ་དང་ལྡན་པ་ཞིག་ཡིན། བོད་དུ་བོད་གྲི་བཟོ་མཁན་ཧ་ཅང་མང་པོ་ཡོད་ཅིང་དེའི་ནང་ནས་ལྷ་རྩེ་ཞོལ་གྱི་བོད་གྲིའི་བཟོ་རྩལ་ནི་སྐད་གྲགས་ཆེ་ཤོས་ཡིན། ལྷ་རྩེ་ཞོལ་བོད་གྲི་བཟོ་ཁུལ་ནི་བོད་ལྗོངས་གཞིས་རྩེ་ས་གནས་ལྷ་རྩེ་རྫོང་ལྷ་རྩེ་ཞོལ་གྲོང་ཚོ་ཡིན་ཞིང་ད་བར་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ལྷ་རྩེ་ཁུལ་དུ་བོད་གྲི་རིང་ཐུང་གསུམ་བཟོ་བཞིན་ཡོད་ཅིང་། དེ་དག་ལས་རིང་ཤོས་ལ་རྨིད་གཅིག་དང་། འབྲིང་ལ་ལི་རྨིད་བཞི་བཅུའི་གཡས་གཡོན་ཙམ། ཐུང་ཤོས་ལ་ལིའི་རྨིད་བཅུ་ཙམ་ལས་མེད་པ་བཅས་གསུམ་ཡོད། བོད་གྲི་བཟོ་བའི་སྤྱིར་བཏང་གི་རྒྱུད་རིམ་ནི་ལྕགས་བཞུ་བ་དང་། བཟོ་ལྟ་བཟོ་བ། རྣོ་བཏོན་པ། རི་མོ་དང་ཡི་གེ་བརྐོ་པ། ཚ་ལ་རྒྱབ་ནས་བརྟན་དུ་གཏོང་བ། བརྡར་ནས་འཇམ་ཤ་དོད་པོ་བཟོ་བ་ལ་སོགས་ཀྱི་རྒྱུད་རིམ་བརྒྱུད་དགོས་ཀྱི་ཡོད། ལྷ་རྩེ་ཞོལ་གྱི་བོད་གྲི་ནི་ངར་ལྕགས་རྒྱུ་ཆ་བཙོ་སྦྱངས་བྱས་ནས་བཟོས་པ་ཞིག་ཡིན་ཞིང་།བཟོ་རྩལ་ཞིབ་ཚགས་ལ། གྲི་ངོས་འཇམ་ཞིང་གཙང་བ། མཛེས་ཤིང་རྣོ་ངར་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ལྷ་རྩེའི་བོད་གྲིའི་གྲི་ཡུ་ནི་རྒྱུ་ཤིང་དང་རྭ་ཅོ་སོགས་ཀྱིས་བྱས་པ་གང་ཞིག་ལ་དངུལ་དང་ཟངས་སོགས་རིན་ཆེན་གྱི་ཕྲ་རྒྱན་སྤྲས་ནས་བཟོས་ཤིང་། གྲི་ཤུབས་ལ་ཡང་དངུལ་དང་ཟངས་ལ་སོགས་མཛེས་རྒྱན་སྤྲོད་རྒྱུར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ད་དུང་གྲི་ཤུབས་འགའ་རེར་སྲོག་ཆགས་ཀྱི་རི་མོ་བརྐོས་པ་དང་། མུ་ཏིག་གི་ཕྲ་རྒྱན། གསེར་ཚག་རྒྱག་པ་ལ་སོགས་བྱེད་ཀྱི་ཡོད་པས་དེས་ལྷ་རྩེའི་བོད་གྲི་དེ་ཉིད་དེ་བས་ཀྱང་མཛེས་ཤིང་ཡིད་དུ་འོང་བ་ཞིག་ཆགས་ཀྱི་ཡོད། བོད་ལྗོངས་ཀྱི་ཁུལ་མང་ཆེ་བ་དང་ལྷག་པར་གཞིས་རྩེའི་ཁུལ་གྱི་མི་རྣམས་ཀྱིས་ལྷ་རྩེའི་བོད་གྲིར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ཅིང་དེའི་རྒྱུ་མཚན་ཡང་གཙོ་བོ་ལྷ་རྩེའི་བོད་གྲིར་ལོ་རྒྱུས་ཡུན་རིང་ཞིང་། སྤུས་དག་གི་ངར་ལྕགས་རྒྱུ་ཆས་གྲུབ་པ། གྲི་ཁ་རྣོ་ཞིང་བརྟན་པ། མཛེས་རིས་བརྐོས་པ་ཚགས་ཚུད་པ། བཟོ་དབྱིབས་ཕྲ་རྒྱན་གྱིས་ཕྱུག་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས་ཡིན། དེ་ཡང་ལྷ་རྩེའི་བོད་གྲིའི་ལོ་རྒྱུས་འབྱུང་ཁུངས་ངོས་ནས་བཤད་ན། ལྷ་རྩེ་བོད་གྲིའི་ཁྱབ་ཁོངས་ནི་བོད་ལྗོངས་གཞིས་རྩེ་ས་གནས་ལྷ་རྩེ་རྫོང་ལྷ་རྩེ་ཞོལ་དང་། སླིའུ་ཤང་རྩེ་ལུང་གྲོང་ཚོ་ལ་སོགས་ས་ཆ་ཁག་ཏུ་ཡིན་ཞིང་། ད་བར་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད། དེ་ཡང་གནའ་སྔ་མོའི་དུས་ནས་ལྷ་རྩེ་ཁུལ་གྱིས་མི་རྣམས་ཀྱིས་གྲི་བཟོའི་ལག་རྩལ་ལ་བརྟེན་ནས་འཚོ་གནས་བྱེད་ཀྱི་ཡོད་ཅིང་ད་བར་མི་རབས་མང་པོའི་རིང་མ་ཉམས་པར་རྒྱུན་མཐུད་ཐུབ་པ་བྱུང་ཡོད། དེ་སྔོན་པན་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ཀྱང་ལྷ་རྩེ་ཁུལ་གྱི་བོད་གྲི་བཟོ་བའི་ལག་རྩལ་ལ་གཟིགས་སྐོར་ལ་ཕེབས་མྱོང་བ་མ་ཟད། གདེངས་འཇོག་ཀྱང་ཆེན་པོ་གནང་ཡོད་ལ། བཤད་རྒྱུན་དུ་དེ་སྔོན་རྒྱལ་རྩེ་དབྱིན་འགོག་དམག་འཁྲུག་སྐབས་སུ་བེད་སྤྱོད་བྱེད་པའི་དམག་གྲི་དང་གོ་མཚོན་རྣམས་ཀྱང་ལྷ་རྩེ་ཞོལ་ནས་བཟོས་པ་ཡིན་ཞེས་བརྗོད་ཀྱི་ཡོད། ད་དུང་བཤད་རྒྱུན་འགའ་རེར་གཞིས་རྩེ་ཁུལ་གྱི་དེང་གི་བཞད་མཐོང་སྨོན་དང་། ས་སྐྱ་ལ་སོགས་ས་ཆ་ཁ་ཤས་ཀྱི་གྲི་བཟོའི་ལག་རྩལ་ཡང་དེ་སྔོན་ལྷ་རྩེ་ཞོལ་གྱི་གྲིའི་བཟོ་པ་འགའ་རེ་རྗེས་སུ་ཁུལ་དེ་དག་ཏུ་འཚོ་སྡོད་བྱས་པ་དང་ལག་རྩལ་ཡང་གང་སར་ཁྱབ་པ་མ་ཟད་ད་བར་དུ་གནས་ཐུབ་ཡོད་ཅེས་བཤད་ཀྱི་ཡོད། མ་གཞི་ལྷ་རྩེའི་སྡོད་མི་ཚང་མས་གྲི་བཟོ་གི་མེད་རུང་། ང་ཚོས་ལྷ་རྩེར་གྲིའི་རྗོང་ཞེས་བརྗོད་ན་དོན་དང་མཐུན་པ་ཞིག་ཡིན། གང་ཡིན་ཞེ་ན་ལྷ་རྩེ་ཁུལ་དུ་ཤང་དགུ་དང་གྲོང་བརྡལ་གཉིས། གྲོང་ཚོ་བརྒྱ་དང་བཅུ་མེད་ལྔ་ཡོད་ཅིང་། སྤྱིར་བཏང་ནས་མང་ཉུང་ལ་མ་བལྟོས་པར་ཤང་ཚང་མས་གྲི་བཟོ་བཞིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན་ལྷ་རྩེ་ཁུལ་དུ་ད་ཡོད་གྲི་བཟོ་མཁན་གྱི་ཁྱིམ་ཚང་བརྒྱད་ཅུ་གྱ་བརྒྱད་ཡོད་ཅིང་། གྲིའི་རིགས་ཀྱང་ཧ་ཅང་མང་པོ་ཐོན་གྱི་ཡོད། ལྷ་རྩེའི་བོད་གྲི་བཟོ་མཁན་གྱི་ཁྱིམ་ཚང་མང་པོའི་ནང་ནས་རྩེ་ལུང་གི་བོད་གྲི་ནི་བོད་ཀྱི་བོད་གྲི་ཆེན་པོ་དགུའི་ནང་གི་ཡ་གྱལ་ཞིག་དང་། གྲི་ཡི་སྤུས་ཚད་ཡག་པ། བཟོ་རྩལ་ལེགས་པ་བཅས་ཡོད་པ་མ་ཟད། མེ་ཆ་རྒྱག་པ་དང་། གྲི་བརྡར་བ། ཁུངས་ཐུབ་པོ། ཁབ་ལེན་གྱི་འཐེན་ཤུགས་ཆེ་བ་ལ་སོགས་ཀྱི་ནུས་པ་ལྡན་ཡོད། སྤྱི་ལོ་༢༠༠༡ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་ཕུལ་བྱུང་ཐོན་རྫས་སུ་འདེམས་པ་དང་། སྤྱི་ལོ༡༩༩༠ལོར་བོད་རང་སྐྱོང་ལྗོངས་ཀྱི་ཡང་བའི་བཟོ་ལས་ཀྱི་ཐོ་བཀོད་ལག་ཁྱེར་ཐོབ་ཡོད། དེར་བརྟེན། རྩེ་ལུང་གྲི་ནི་ཚང་མས་མཐོང་ཆེན་བྱེད་པའི་ཐོན་རྫས་ཡག་ཤོས་སུ་བརྩི་གི་ཡོད། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ནས། ལྷ་རྩེ་ཁུལ་གྱི་བཟོ་པ་རྣམས་ཀྱིས་ཡུལ་སྐོར་བྱ་བཞག་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པའི་གོ་སྐབས་བཟང་པོ་དང་བསྟུན་ནས་མིག་རྒྱང་རིང་པོར་ཕྱོགས་ཤིང་། སྙིང་རུས་ཆེན་པོས་འབད་བརྩོན་བྱེད་པ་དང་། རང་མཁོ་རང་སྒྲུབ། འབྱོར་ཆུང་སེམས་བདེའི་བསམ་པ། སྔ་སྲོལ་རྒྱུན་འཛིན་གྱིས་ཁྱིམ་ཚང་ལས་གྲྭ་གཉེར་བ་བཅས་ཀྱི་ཐོན་སྐྱེད་བྱེད་སྟངས་སྤེལ་བས་རྩེ་ལུང་གི་གྲིའི་སྙན་གྲགས་གང་སར་ཁྱབ་ཐུབ་པ་བྱུང་ཡོད། ལྷ་རྩེའི་བོད་གྲི་བཟོ་རྩལ་གྱི་ཁྱད་ཆོས་ངོས་ནས་བཤད་ན། གཅིག་ནས་ལྷ་རྩེའི་བོད་གྲི་ནི་དང་ཐོག་མའི་རྒྱུ་ཆ་ནས་བཙོ་སྦྱངས་བྱེད་པ་དང་། ལས་སྣོན་ཞིབ་ཚགས་བྱས་ནས་གྲི་གྲུབ་པའི་བར་ཚང་མ་ལག་བཟོའི་ཐབས་ལ་བརྟེན་ནས་བཟོས་པ་ཤ་སྟག་ཡིན། ལག་བཟོའི་བཟོ་རྩལ་ཁོ་ནར་མ་མཐར་ཡང་ལོ་ངོ་བརྒྱ་ཕྲག་འགའ་དང་། ཐ་ན་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད། ལྷ་རྩེའི་བོད་གྲི་དུས་རབས་སོ་སོའི་ནང་མིང་གྲགས་ཆོད་ཡོད་ཅིང་། ཤེས་ལྡན་པ་ཚང་མས་དོ་སྣང་དང་བསྟོད་བསྔགས་བྱེད་སའི་ཡུལ་དུ་གྱུར་ཡོད་མོད་ཀྱང་། ལྷ་རྩེ་བོད་གྲིའི་བཟོ་རྩལ་སྐོར་ཟིན་ཐོར་བཀོད་པ་ཧ་ཅང་ཉུང་ཉུང་ཡིན། ཡུན་རིང་བའི་ལོ་རྒྱུས་ནང་ལྷ་རྩེ་བོད་གྲིའི་བཟོ་རྩལ་ནི་ཚང་མས་རྒན་རབས་པ་རྣམས་དགེ་རྒན་བསྟེན་ནས་རྒྱུན་མཐུད་བྱས་ཡོད་པ་ལས། རང་ཉིད་ཀྱིས་དེའི་སྐོར་གྱི་ཟིན་ཐོར་བལྟས་ནས་བཟོ་རྩལ་སྦྱང་ཐུབ་པ་ཞིག་ནི་མིན། དེང་སྐབས་བོད་གྲིའི་བཟོ་རྩལ་སྐོར་གྱི་གསུང་རྩོམ་འགའ་ཤས་ཐོན་ཡོད་ན་ཡང་། ལྷ་རྩེ་བོད་གྲི་བཟོ་རྩལ་དངོས་ནི་ཡུན་རིང་གི་ལག་ལེན་གྱི་མྱོང་གོམས་ལས་ཤེས་ཐུབ་པ་ཞིག་ཡིན་ཙང་། ཡིག་ཐོག་ཏུ་བཀོད་པར་ཁོ་ནར་བསྟེན་ནས་ལྷ་རྩེ་བོད་གྲི་བཟོ་ཤེས་པ་ཞེས་པ་དེ་ཡང་ཧ་ཅང་ཁག་པོ་ཡིན། ལྷ་རྩེའི་བོད་གྲི་བཟོ་རྩལ་རིན་ཐང་ངོས་ནས་བཤད་ན། གཅིག་ནས་ལྷ་རྩེའི་བོད་གྲི་བཟོ་རྩལ་ནི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དང་། རིག་གནས་ལོ་རྒྱུས་ལ་སོགས་ལ་ཞིབ་འཇུག་བྱེད་རྒྱུར་གལ་ཆེའི་རིན་ཐང་ལྡན་པའི་རྒྱུ་ཆ་ཞིག་ཡིན་ལ། དེའི་ཐུན་མིན་གྱི་ཁྱད་ཆོས་དང་རྩེར་སོན་གྱི་བཟོ་རྩལ་གྱིས་མི་རིགས་རང་ཉིད་ཀྱི་དམངས་ཁྲོད་ཤུལ་བཞག་རིག་གནས་དར་སྤེལ་དང་། བོད་ཀྱི་ལོ་རྒྱུས་དེ་བས་ཕུན་སུམ་ཚོགས་པ་དང་འཐུས་སྒོ་ཇེ་ཚང་དུ་ཞིབ་འཇུག་བྱེད་ཐུབ་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། གཉིས་ནས་ལྷ་རྩེའི་བོད་གྲི་བཟོ་བའི་ལས་རིམ་ཧ་ཅང་རྙོག་འཛིང་ཆེ་ཞིང་། ལས་རིམ་སོ་སོ་ལ་ཡང་རེ་བ་ནན་པོ་ཡོད་པས། ཡིག་ཐོག་ཁོ་ནའི་ཐོག་བཀོད་པས་བསྡུར་ཐབས་བྲལ་བ་ཞིག་ཡིན། བོད་གྲི་བཟོ་བའི་ལག་རྩལ་དེ་རིགས་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་གི་བློ་གྲོས་ཀྱི་སྙིང་བཅུད་བསྡུས་པ་ཤིག་ཡིན་སྟབས། དེང་རབས་ཅན་གྱི་ལག་རྩལ་གྱིས་ཚབ་བྱེད་ཐབས་བྲལ་ཞིང་། དེའི་ནང་དུ་དོན་དངོས་ཐོག་ཚན་རིག་ལག་རྩལ་གྲུབ་ཆ་ཕུན་སུམ་ཚོགས་པོ་ཚུད་ཡོད་ལ། རིན་ཐང་བྲལ་བའི་ལོ་རྒྱུས་ཤུལ་བཞག་ཅིག་ཀྱང་ཡིན། གསུམ་ནས་ལྷ་རྩེའི་བོད་གྲི་བཟོ་རྩལ་སྔོག་འདོན་དང་སྲུང་སྐྱོབ་བྱ་རྒྱུ་དེ་ནི། ས་ཁུལ་དེ་གའི་མང་ཚོགས་ཀྱི་ལས་ཀའི་གནད་དོན་ཐག་གཅོད་དང་། ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཕན་ནུས་བཟང་པོ་ཐོན་པ་མ་ཟད། ལྷག་པར་དུ་ས་ཁུལ་རང་ངོས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐུན་བྱ་རྒྱུ་བཅས་ལ་ཡུན་རིང་གི་དོན་སྙིང་ལྡན་ཡོད་པ་ཞིག་ཡིན། མིག་སྔའི་ལྷ་རྩེའི་བོད་གྲི་བཟོ་རྩལ་གྱི་དཀའ་ངལ་ཆེ་ཤོས་ནི། གཅིག་ནས་ལྷ་རྩེ་བོད་གྲི་བཟོ་བའི་ལག་རྩལ་ཤེས་པར་དཀའ་ངལ་ཆེ་ལ། སྦྱོང་བརྡར་གྱི་དུས་ཡུན་རིང་བ། ལྷག་པར་དུ་བོད་གྲི་བཟོ་བའི་བྱ་རིམ་ཚང་མར་དཀའ་ལས་ཆེ་བས་སྡུག་རུས་བྱེད་མ་ཐུབ་ན་ལག་རྩལ་དེ་རིགས་ཤེས་དཀའ་བས། ལོ་ཆུང་གཞོན་ནུ་མང་དག་ཅིག་སྦྱང་འདོད་མེད་པས་རྒྱུན་འཛིན་བྱེད་མཁན་ཉུང་དྲག་པ། གཉིསནས་ཐོན་སྐྱེད་ལག་རྩལ་རྗེས་ལུས་སུ་ལྷུང་བ་དང་། དཔལ་འབྱོར་ཉམས་ཞན་པའི་རྐྱེན་གྱིས་སྔོན་ཐོན་འཕྲུལ་ཆས་ནང་འདྲེན་བྱེད་པའི་ནུས་པ་མེད་པ་དང་། ལག་ཐབས་ཁོ་ནར་བསྟེན་པས་ལས་ཡུན་རིང་བ་དང་ཡོང་བབ་དམའ་བས་ཁྲོམ་རའི་འགྲན་རྩོད་ནང་རྗེས་སུ་ལུས་ཡོད་པ། གསུམ་ནས་བོད་གྲི་བཟོ་མཁས་ཀྱི་རྒན་གྲས་མང་དག་ཅིག་ལོ་ན་མཐོ་བ་དང་། ཡི་གེའི་ལམ་དུ་ཕབ་པའི་རིན་ཐང་ཡོད་པའི་རྒྱུ་ཆ་དཀོན་པ། ཐ་ན་འགའ་རེ་གློ་བུར་དུ་ཚེ་ལས་འདས་པ་སོགས་ཀྱིས་རྐྱེན་པས་མི་རིགས་ལག་ཤེས་བཟོ་རྩལ་དེ་རིགས་མྱུར་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ། བཞི་ནས་ཚན་རིག་ལག་རྩལ་ཉིན་རེ་བཞིན་འཕེལ་རྒྱས་ཕྱིན་པ་དང་། དེང་རབས་ཅན་གྱི་འཕྲུལ་ཆས་ལག་རྩལ་མུ་མཐུད་དར་སྤེལ་བྱུང་བས། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེ་རིགས་ཀྱིས་ཁྲོམ་རའི་དགོས་མཁོ་སྐོང་རྒྱུར་དཀའ་ངལ་ཆེ་བ་མ་ཟད་འགྲན་རྩོད་དང་བྲལ་ཞིང་ཉེན་ཁའི་གནས་སུ་ལྷུང་ཡོད།