ལྷོ་ཁའི་ཕྲང་སྒོའི་བྲོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-21   རྩོམ་ཁུངས།    མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།

      ལྷོ་ཁའི་ཕྲང་སྒོའི་བྲོ་ཞེས་པ་དེ་ནི་དྭགས་པོ་ཡུལ་ཏེ་དེང་གི་རྒྱ་ཚའི་ས་ཆ་ནས་བྱུང་བ་སྟེ། སྤྱི་ལོ་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བོད་རྒྱལ་སོ་བདུན་པ་ཁྲི་སྲོང་ལྡེ་བཙན་གྱིས་ཨྱོན་གྱི་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་དང་དབུ་མ་རང་རྒྱུད་པའི་སྲོལ་འབྱེད་པ་མཁན་ཆེན་ཞི་བ་འཚོ་གཉིས་གདན་དྲངས་ཏེ་དམ་པའི་ཆོས་ཀྱི་སྒྲ་དབྱངས་ས་མཐོའི་ཡུལ་འདིར་ཁྱབ་པར་བྱས་ཤིང་། དུས་མཚུངས་སུ་ཆོས་ཀྱི་གདན་ས་ཐོག་མ་བསམ་ཡས་གཙུག་ལག་ཁང་བཞེངས་སྐྲུན་བྱས་སོ།། བཤད་རྒྱུན་དུ་བསམ་ཡས་གཙུག་ལག་ཁང་བཞེངས་སྐྲུན་བྱེད་སྐབས་ཡུལ་དེའི་ལྷ་འདྲེ་སོགས་ཀྱིས་བཟོ་མཁན་དག་གིས་ཉིན་མོ་བརྩིགས་པའི་ཁང་བཟང་མཚན་དུ་གཏོར་བཤིག་བཏང་རྐྱེན།  སློབ་དཔོན་ཆེན་མོས་དམ་ལ་འདོགས་པར་དྭགས་པོ་ཡུལ་ནས་བྲོ་བ་སྤུན་བདུན་གདན་དྲངས་ཏེ་བྲོ་འཁྲབ་ཏུ་བཅུག་ཤིང་། དུས་དེ་ནས་བཟུང་བྲོ་གར་དེ་ཉིད་ལྷོ་ཁའི་ཕྱོགས་ནས་དར་འཕེལ་བྱུང་ལ། གྲོང་སྡེ་ཕལ་མོ་ཆེར་བྲོ་འཁྲབ་རུ་ཁག་ཡོད་པར་མ་ཟད། ཡུན་གྱིས་ས་ཁུལ་གཞན་ལའང་དར་ཁྱབ་བྱུང་བས་དོན་ལ་བྲོ་འདིར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་རེད།

     བྲོ་འདི་ནི་རྐེད་རྔའི་བྲོ་ཡི་རིགས་ཤིག་སྟེ། བྲོ་རྔ་དེར་རྔ་ལུང་གཉིས་ཡོད་ལ། གཅིག་བྲོ་མཁན་རང་གི་སྐེད་པར་དམ་དུ་སྡོམ་པ་དང་། ཅིག་ཤོས་དེ་བརླ་རྩར་དམ་དུ་བསྡམས་ནས་བྲོ་རྔ་སྐེད་པ་གཡོན་དུ་གཏན་ཁེལ་བྱས་རྗེས་ད་གཟོད་འཁྲབ་དགོས་ལ། སྤྱིར་བཏང་སྲོལ་རྒྱུན་གྱི་བྲོ་དབྱིབས་སྒོར་མོ་ཡིན། དེར་ཨ་ར་ཞེས་པའི་བྲོ་འགོ་འཛིན་མཁན་དང་བྲོ་བ་དངོས་ཏེ་མཉམ་བྲོ་མཁན་ཞེས་རིགས་གཉིས་ཡོད།  བྲོ་འགོ་འཛིན་མཁན་སྤྱིར་བཏང་མི་གཉིས་ནས་དྲུག་དབར་གཏན་ཁེལ་མེད་ཅིང་། ཁོ་ཚོས་རྐེད་རྔ་མི་འདོགས་པར་གཙོ་ཆེར་བྲོ་ཡི་སྟངས་སྟབས་དང་ཉམས་འགྱུར་སོགས་ལ་སྣེ་ཁྲིད་བགྱིས་ནས་མགྱོགས་བུལ་སྙོམས་སྒྲིག་བྱེད་པ་རེད། དེ་དག་གི་གར་སྟབས་ཀྱི་གདངས་དབྱངས་ཅུང་དྲག་ལ། ཉམས་འགྱུར་དང་སྟངས་སྟབས་ཅུང་སླ་བར་མ་ཟད། གར་གྱི་རྨང་གཞིའི་འགྱུར་བ་བྲོ་མཁན་བྱིངས་དང་ཕལ་ཆེར་འདྲའོ།། དེ་ལྟ་ན་ཡང་བྲོ་འགོ་འཛིན་ནི་སྤྱིར་བྲོ་གར་འདི་ཡུན་རིང་དུ་འཁྲབ་མྱོང་བ་གཞིར་བྱས་ཉམས་མྱོང་ཕུན་སུམ་ཚོགས་ཤིང་འདི་ཉིད་ནང་བྱུན་ཆུད་པ་ཞིག་ཡིན་དགོས། མཉམ་བྲོ་མཁན་རྣམས་ཀྱིས་སྐེད་རྔ་རྡུང་ཞོར་དེའི་སྒྲའི་འགྱུར་ཁུགས་དང་སྒོ་བསྟུན་ཏེ་གར་གྱི་འདེགས་འཇོག་བསྒྱུར་པར་བྱེད་པ་དང་། ཆབས་ཅིག་ཏུ་སྐྲའི་ལན་བུ་ཡང་གར་གྱི་སྟངས་སྟབས་དང་བསྡོངས་ཏེ་དབྱིབས་རྣམ་“∞”“○”འདི་འདྲར་འགྱུར་འགྲོ་ལ། བྲོ་འདིའི་སྟངས་སྟབས་རླབས་བཞིན་དྲག་ཏུ་འཕྱོ་ཞིང་ཟིལ་རྔམ་ལྡན་པ་ལས་གཞན་དབྱངས་ཀྱི་འགྱུར་ཁུགས་ཀྱང་འདེགས་འཇོག་གསལ་ལ་ཕུན་སུམ་ཚོགས་པ་སོགས་མདོར་ན་ལུས་ཀྱི་སྟངས་སྟབས་དང་། དབྱངས་ཀྱི་འགྱུར་བ་སོགས་ཕྱོགས་གང་ཅིའི་ཐད་ནས་དོ་སྙོམས་པའི་ཕུལ་བྱུང་གི་དམངས་ཁྲོད་རིག་གནས་ཤིག་རེད། བྲོ་གར་འདི་ལ་ཁྱོན་བསྡོམས་ཚན་པ་བཅོ་བརྒྱད་ཡོད་དེ། རིམ་བཞིན་གོམ་གསུམ་རྔ་རྡུང་དང་། རྒྱལ་བོ་ཁྲིར་བཞུགས།  གླང་ཆེན་འཕྲེད་ཉལ་སོགས་སོ།།


    ཕྲང་སྒོའི་བྲོ་ནི་བོད་ལྗོངས་ཀྱི་དམངས་ཁྲོད་བྲོ་གར་བྱིངས་དང་མི་མཚུངས་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་རྫོགས་པའི་བྲོ་གར་རིགས་ཤིག་ཡིན་ལ། དེ་ཉིད་ཀྱི་རྒྱུན་རིང་བའི་ལོ་རྒྱུས་དང་། མཛེས་ཤིང་ལྟ་ན་སྡུག་པའི་གར་སྟབས་སོགས་སྙན་པའི་བ་དན་དགུང་དུ་གཡོ་ཞིང་། ཕྱོགས་ཀྱི་མགྲོན་པོ་དག་གི་དགའ་བསུ་ཚད་མེད་ཐོབ་ཡོད། དེར་བརྟེན་སྒོར་བྲོ་འདི་ཉིད་སྔོག་འདོན་དང་། སྲུང་སྐྱོབ་བྱས་ན་བོད་ཀྱི་རིག་གནས་དར་འཕེལ་ལ་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པར་མ་ཟད། ས་གནས་དང་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་རིག་གནས་ཕུན་སུམ་ཚོགས་པར་ནུས་པ་འདོན་ཐུབ་ལ། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་ལའང་མཐུན་རྐྱེན་དུ་འགྱུར་འགྲོ།

        ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་འདི་ཉིད་ཉམས་པ་སོར་ཆུད་དང་། མ་ཉམས་གོང་འཕེལ་དུ་གཏོང་བར་འབྲེལ་ཡོད་ལས་ཁུངས་ཀྱིས་ཕྲང་སྒོའི་བྲོ་གར་རུ་ཁག་ཅིག་བཙུགས་ཡོད་ལ། མིག་སྔར་རུ་ཁག་འདིར་མི་སྣ་༡༨༠ཡོད་པ་དང་། རྒྱུན་པར་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་རིམ་པའི་དགའ་སྟོན་གྱི་བྱ་འགུལ་སྣ་ཚོགས་སུ་ཞུགས་ཀྱིན་ཡོད། མ་ཟད་༡༩༩༧ལོར་རྒྱལ་ཁབ་རིག་གནས་པུའུ་ནས་གོང་དཀར་རྫོང་ཕྲང་སྒོ་ཤང་ལ་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་གནང་བ་རེད།