ལྷ་བཟོ་བསྟན་འཛིན་ཕུན་ཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-19   རྩོམ་ཁུངས།    ཁམས་པའི་དྲ་བ།

     ལྷ་བཟོ་བསྟན་འཛིན་ཕུན་ཚོགས་མཆོག་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫོགས་ཆེན་སྡེ་པར་སྤྱི་ལོ༡༩༨༨ཟླ༨ཚེས༨ཉིན་སྐྱེས། ལོ་བདུན་གྱི་ཐོག་བོད་ཡིག་ཀློག་འདོན་གྱི་མགོ་བརྩམས་པ་དང་ལོ་བཅུ་ནས་སྔ་འགྱུར་རྙིང་མའི་དགོན་ཆེན་དཔལ་རྒྱལ་བ་རྫོགས་ཆེན་གྱི་མཆོད་ཆེན་ལྷ་བཟོ་ཐུབ་བསྟན་བློ་གྲོས་ཀྱི་སློབ་མ་ཁོང་རང་གི་ཕ་རྒན་ཀྱི་མདུན་ནས་ཤིང་ཚོན་དང་སྐྱ་རིས་སོགས་ལོ་གཉིས་ཙམ་སྦྱངས། ཁོང་ནི་ཆུང་དུས་ནས་རི་མོའི་སྒྱུ་རྩལ་ལ་ཤིན་ཏུ་དགའ་ཞེན་དང་དེ་ལ་བརྩོན་འགྲུས་ཆེན་པོ་ཡོད་པར་མ་ཟད་ལག་པ་བདེ་བའི་ཆ་རྐྱེན་ཡང་ཡག་པོ་ཡོད།


      ༡༩༩༧ལོ་ནས་ཕ་རྒན་གྱི་སློབ་གྲོགས་གཙོ་བོ་ཕུལ་བྱུང་གི་ལྷ་རིས་པ་བླ་མ་ཨོ་དགའི་མདུན་དུ་བཅར་ནས་ལོ་ངོ་བདུན་ཙམ་གྱི་རིང་དུ་ལྷ་རིས་འབྲི་བཞེངས་ལ་སྦྱངས་པ་དཔྱིས་ཕྱིན་པར་བྱས་པས་རྒན་ཨོ་དགའི་སློབ་བུ་རྣམས་ལས་རི་མོ་ལག་རྩལ་དང་གཞུང་རྒྱུད་བཟང་བའི་ཕུལ་བྱུང་གི་སློབ་མའི་གྲས་སུ་ཚུད། དེ་ནས་ལོ༡༨ཐོག་མཆོད་ཆེན་ཆོས་ལྡན་མཆོག་ལ་བསྟེན་ནས་མཆོད་གཏོར་སོགས་མར་དང་ཟན་གྱི་བཅའ་བཟོའི་རིགས་ཀུན་ལའང་ཞིབ་པར་བསླབས་ནས་དགོན་པའི་སྒྲུབ་ཆེན་ཁག་གི་གཏོར་མ་དང་ལྷ་སྐུ་མཆོད་རྫས་རྣམས་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱིས་མངོན་པར་ཕྱུགས་པའི་བཅའ་བཟོ་བྱས་ནས་ལྷག་བསམ་དང་དད་འདུན་གཙང་མས་ལོ་མང་ཞབས་ཞུ་བསྒྲུབས། ཁོང་གཤིས་རྒྱུད་དང་ལག་རྩལ་བཟང་བ་ལ་རྒྱུན་དུ་དགོན་སྡེའི་བླ་སྤྲུལ་གྲྭ་ཚང་དང་མི་སེར་བཅས་པས་བསྔགས་བརྗོད་དང་རྩིས་མཐོང་ཆེན་པོ་བྱེད་པའི་ཡུལ་དུ་གྱུར། དེ་ལྟར་ལོ་མང་རིང་རང་གི་ཕ་ཡུལ་ནས་ཐང་ག་དང་། ཤིང་ཚོན། ལྷ་སྐུ་འབྲི་བཞེངས་སོགས་ལ་སྦྱངས་པ་བྱས་ཏེ་སྦྱོང་འབྲས་བཟང་པོ་ཐོབ་ཀྱང་དེ་ཙམ་གྱིས་ཡིད་ཚིམས་པར་མ་མཛད་པར་མདོ་དབུས་ཁམས་གསུམ་གྱི་དགེ་རྒན་མང་པོའི་རྩར་ཕེབས་ནས་ཞིབ་སྦྱང་ཡང་ནས་ཡང་དུ་མཛད་པ་དང་། ཁྱད་པར་དུ་བོད་ཀྱི་ལྷ་རིས་ལུགས་སྲོལ་ཆེ་བའི་་ཡ་གྱལ་ཀརྨ་སྒར་བྲིས་ཀྱི་བྲིས་རྒྱུན་འཛིན་པ་དགེ་རྒན་ཆེན་པོ་ཀརྨ་བདེ་ལེགས་ཀྱི་འདུན་ནས་ལྷ་སྐུའི་ཐིག་རྩ་དང་ཚོན་གྱི་སྡེབ་སྦྱོར་སོགས་ལ་ཟབ་སྦྱོང་བྱས་མཐར་ཁོང་ཕ་ཡུལ་ལ་ལོག་སྐབས་རྒན་ཀརྨ་བདེ་ལེགས་མཆོག་གིས་ཁ་བཏགས་ཉིན་མོ་བདེ་ལེགས་ཤིག་གནང་ནས་ཕ་ཡུལ་ལ་ལོག་རྗེས་ཕ་ཡུལ་ལ་རི་མོའི་སློབ་གྲྭ་ཞིག་འཛུགས་དགོས་པ་དང་ཀརྨ་སྒར་བྲིས་རྒྱུན་སྐྱོང་དང་སློབ་ཁྲིད་བྱེད་དགོས་པའི་སྐུལ་མ་དང་བཀའ་སློབ་ཟབ་ནན་གནང་བ་ལྟར་ཕ་ཡུལ་ལོག་འཕྲལ་རི་མོའི་སློབ་གྲྭ་བཙུགས་ཏེ་ཕ་ཡུལ་རྫོགས་ཆེན་གྱི་ན་གཞོན་ལྔ་བཅུར་ཉེ་བ་ལ་རིན་མེད་སློབ་ཁྲིད་ལོ་མང་བྱས། 

      ༢༠༡༥ལོར་སློབ་ཕྲུག་དེ་དག་ཁྲིད་དེ་རྒྱ་ནག་ཁྲི་འདུ་ལ་གནས་སྤོས་ནས་སྔར་བཞིན་སློབ་ཁྲིད་དང་ཀརྨ་སྒར་བྲིས་ཀྱི་ཐང་ག་འབྲི་བཞེངས་རྒྱུན་འཁྱོངས་པར་མ་ཟད་རིམ་གྱིས་རང་མགོ་ཐོན་པའི་སློབ་མ་ལྷ་བཟོ་ཇེ་མང་སོང་ནས་བོད་ཀྱི་རིག་གནས་དར་སྤེལ་ཕྱོགས་སུ་བྱས་རྗེས་གང་འཚམས་བཞག་ཡོད།   ༢༠༡༨ལོ་ལ་ཨུ་དུམ་ཝཱ་ར་སྒྱུ་རྩལ་གླིང་ཞེས་པ་བཟོ་རིགས་ལས་ཁང་དངོས་སུ་མགོ་བརྩམས་ནས་མ་འོངས་པ་བོད་རིག་གནས་དར་སྤེལ་ཕྱོགས་ལ་འབད་བརྩོན་ལྷོད་མེད་གནང་བཞིན་ཡོད་འདུག།