སྲིད་གྲོས་ཨུ་ཡོན་གྱིས་བདེ་ཆེན་གྱི་འཕེལ་རྒྱས་ལ་བཏོན་པའི་རེ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པ་དང་ཆབས་ཅིག    ཚོགས་འདུར་ཞུགས་མཁན་གྱི་ཨུ་ཡོན་ཚོས་བློ་སེམས་གཅིག་མཐུན་དང་ཐུན་མོང་ཐོག་གྲོས་མོལ་བྱེད་པའི་འགན་འཁྲི་འཁུར་ནས་འཕེལ་རྒྱས་ཀྱི་ཇུས་ཆེན་གླེང་བ་དང་།  ལྷག་བསམ་གྱིས་ཐབས་ཇུས་འདོན་པ།   སེམས་ལ་དམངས་ཀྱི་འདོད་པ་བཅང་ནས་འབད་འབུངས་མདུན་སྐྱོད་བཅས་བྱེད་དགོས་པའི་སྙིང་གཏམ་གླེང་ཡོད། 

སྲིད་གྲོས་ཨུ་ཡོན་མ་གོ་ཀྲུང་གིས་སྲིད་གྲོས་རྒྱུན་ཨུས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་མུ་མཐུད་ནས་དོ་ཁུར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་དང་དམངས་གཙོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་ཆེན་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་དེ་དངོས་འབྲེལ་ཡག་པོ་བསྒྲུབས་ནས་དཔེ་སྟོན་དང་སྣེ་ཁྲིད་ཡག་པོ་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད།  

    སྲིད་གྲོས་ཨུ་ཡོན་པདྨ་ཚེ་རིང་གིས་སྐད་དང་ཡི་གེ་ནི་རིག་གནས་ཀྱི་རྨང་གཞིའི་རྒྱུ་རྐྱེན་དང་མངོན་གསལ་དོད་པའི་མཚོན་རྟགས་ཤིག་ཡིན་ལ་རིག་གནས་རྒྱུན་འཛིན་དང་། འཕེལ་རྒྱས། དར་རྒྱས་བཅས་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན།  གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁྱབ་གདལ་གཏོང་ཚད་མཐོ་རུ་བཏང་ནས་བདེ་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོང་དང་།རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་དགོས་པའི་གྲོས་གཞི་བཏོན་ཡོད།   

 སྲིད་གྲོས་ཨུ་ཡོན་ལི་པིན་གྱིས་གྲོང་གསེབ་ཀྱི་ཁང་སའི་དོ་དམ་ནི་གཞི་རིམ་གྱི་རྒྱལ་ཁོངས་ཐོན་ཁུངས་དོ་དམ་ལས་ཀའི་གཙོ་གནད་དང་དཀའ་གནད་ཡིན། ཁང་སའི་དོ་དམ་ཁྲོད་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་གནས་ཡོད།གྲོང་གསེབ་ཏུ་ས་ཞིང་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱིམ་ཚང་ཀུན་གྱིས་གནས་ཚུལ་ཤེས་པར་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད།    

སྲིད་གྲོས་ཨུ་ཡོན་ཝང་ཀྲུང་ཧྭ་ཡིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་དུ་གནས་པའི་ལམ་མདོ་ཁག་གཅིག་གི་གློག་དམར་ལྗང་འཛུགས་སྟངས་ཚད་ལྡན་མིན་པ་དང་ལུགས་དང་མི་མཐུན་པ།བརྡ་རྟགས་གློག་སྒྲོན་དང་འགྲིམ་འགྲུལ་རྒྱུག་ཚད་དོ་མི་མཉམ་པས་འགྲིམ་འགྲུལ་འགག་པ་སོགས་ཀྱི་གནད་དོན་བྱུང་ཡོད།གྲོང་ཁུལ་གཙོ་བོའི་འགྲོ་ལམ་གྱི་འགྲིམ་འགྲུལ་གློག་སྒྲོན་དམར་པོ་སྔར་ལས་ལེགས་སུ་བཏང་ནས་འགྲོ་ལམ་ཤར་གཏོང་ཐུབ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུའི་གྲོས་གཞི་བཏོན་ཡོད།   

སྲིད་གྲོས་ཨུ་ཡོན་ཐལ་བུ་ཡིས་མིག་སྔར་རང་ཁུལ་གྱི་ཞིང་པའི་སྟོབས་ཤུགས་ཞན་པ་དང་།མ་ལག་འཐུས་ཚང་མིན་པ།  ཤང་དང་གྲོང་རྡལ་ཉུང་ཤས་སུ་ཞིང་ལས་དཔལ་འབྱོར་མི་སྣ་གཅིག་མ་གཏོགས་མེད། ཤང་གྲོང་མང་ཆེ་བར་ཆེད་ལས་ཞིང་པ་དང་དཔལ་འབྱོར་མི་སྣ་མེད་པ་དང་གནས་སྐབས་ལས་འགན་གཅིག་ལྕོགས་ཡིན་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་ལས་འགན་བརྗེ་རེས་རྒྱག་གི་ཡོད། ཆེད་ལས་ཀྱི་གཞི་རིམ་གྲོང་གསེབ་ཀྱི་གཉེར་སྐྱོང་དོ་དམ་ལས་ཀའི་དཔུང་ཁག་བརྟན་པོ་མེད་པ་དང་།སྟོབས་ཤུགས་དོ་སྙོམས་མེད་པ། འགན་ལེན་གནད་ལ་མི་འཁེལ་བ་སོགས་ཀྱི་གནད་དོན་ཧ་ཅང་མངོན་གསལ་དོད་པོ་ཡོད་པས། རང་ཁུལ་གྱི་གཞི་རིམ་གྲོང་གསེབ་ཀྱི་གཉེར་སྐྱོང་དོ་དམ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་པའི་གྲོས་གཞི་བཏོན་ཡོད།     

སྲིད་གྲོས་ཨུ་ཡོན་ཞའོ་ལུའུ་ཡིས་གྲོས་མོལ་དང་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས།ཏང་ཨུ་དང་སྲིད་གཞུང་གིས་ཁེ་ལས་དང་འབྲེལ་གཏུག་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁེ་ལས་ཀྱི་རེ་འབོད་སེམས་གཅིག་གིས་ཉན་པ། ཁ་གཏད་འཇལ་ཐབས་ཀྱི་གྲོས་བསྡུར་བྱས་ནས། ནད་ཡམས་ཐོན་རིང་བདེ་ཆེན་གྱི་དཔལ་འབྱོར་ཇི་ལྟར་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན་ཡོད། 

   སྲིད་གྲོས་ཨུ་ཡོན་ཁྲེན་ཧྲུའུ་ཧྭ་ཡིས་གཞི་རིམ་མང་ཚོགས་ལ་དོ་ཁུར་བྱེད་དགོས་ལ།ལྷག་པར་དུ་རྒན་རྒོན་ཚོ་ཕྱིར་སྐྱོད་པའི་གནད་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་པའི་འགྲིམ་འགྲུལ་བཀོད་སྒྲིག་ལུགས་མཐུན་བྱ་དགོས།འགྲིམ་འགྲུལ་བཀོད་སྒྲིག་ཚད་ལྡན་དུ་བཏང་ནས་མི་སེར་ལ་འགྲིམ་འགྲུལ་སྟབས་བདེ་ཡོང་བར་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད།