མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་དུས་ཆེན་སྐབས་དང་པོ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-11   རྩོམ་ཁུངས།    མི་དམངས་དྲ་བ།

    སྤྱི་ཟླ་5པའི་ཚེས་9ཉིན་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་དུས་ཆེན་སྐབས་དང་པོ་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་འགོ་ཚུགས་པ་དང་། ད་ལོ་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་ཁྲོམ་རར་འདོན་འགོ་ཚུགས་ནས་ས་གནས་ས་ཐོག་ཏུ་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར་9ལྷག་ཙམ་ཟིན་ཡོད་པ་རེད།       ད་ཐེངས་ཀྱི་བྱེད་སྒོའི་དུས་ཚོད་ནི་སྤྱི་ཟླ་5པའི་ཚེས་9ཉིན་ནས་ཚེས་18ཉིན་བར་ཡིན་པ་དང་། བྱེད་སྒོ་དེ་རྒྱལ་ཁབ་སྤྱི་གླིང་། རབ་མཛེས་མཚོ་སྔོན། བདེ་ཐང་ཀྲུང་གོ   དབྱར་རྩྭ་དགུན་འབུ་ཞེས་པས་བརྗོད་བྱ་གཙོ་བོར་བྱས་པ་དང་། སྲིད་གཞུང་གིས་རྒྱབ་སྐྱོར་དང་། མཐུན་ཚོགས་ཀྱིས་སྒྲིག་འཛུགས། དྲ་ཐོག་ནས་ཕྱིར་ཚོང་བཅས་ཀྱི་རྩ་འཛུགས་རྣམ་པ་སྤྱད་དེ་མཉམ་ལས་དང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་པ་བརྒྱུད། མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱེད་པ། གློག་རྡུལ་ཚོང་དོན་ལས་སྟེགས་དང་སྨྱན་སྦྱོར་གསར་པའི་གཉེར་ཚོང་བྱེད་སྟངས་ལ་བརྟེན་ཏེ། དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་ཁྱབ་གདལ་གཏོང་བ་དང་། ཁྲོམ་རའི་ཐོབ་སྐལ་མང་དུ་གཏོང་བ། ཐོན་ལས་དབུལ་སྐྱོར་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དབྱར་རྩྭ་དགུན་འབུའི་དྲ་སྦྲེལ་ཁྲོམ་རར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད་པ་རེད།      དྲ་ཐོག་བྱེད་སྒོ་དེ་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་། མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུ་མཐུན་ཚོགས་བཅས་ཀྱིས་ཞིང་ཆེན་ཕྱི་ནང་གི་ཁེ་ལས་400ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཐའོ་པའོ་དང་། ཐེན་མའོ་དང་། ཅིང་ཏུང་། འདར་དབྱིང་། ལག་མགྱོགས་སོགས་དྲ་སྦྲེལ་ཐད་གཏོང་དང་དེ་བཞིན་ལས་སྟེགས་ཆེ་གྲས་ཁག་གི་དྲ་ཐོག་ཚོང་ཟོག་བྱེད་སྟངས་བརྒྱུད་དབྱར་རྩྭ་དགུན་འབུ་འཚོང་བ་དང་། དེ་ལས་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་བཟའ་སྤྱོད་དང་སྨན་སྤྱོད་རིན་ཐང་དང་། ལུས་གསོ་འཕྲོད་སྦྱོར། ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་འཛུགས་སྐྲུན། ཁྲོམ་རའི་གཉེར་ཚོང་དང་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔོག་འདོན་གང་ལེགས་བྱས་ཏེ་མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུའི་སྤུས་རྟགས་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་ཐོག མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་ཁྲོམ་ར་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།     མཚོ་སྔོན་དབྱར་རྩྭ་དགུན་འབུའི་དུས་ཆེན་སྐབས་དང་པོ་དེ་རིམས་ནད་ཐོན་རིང་མི་སྣ་འདུ་འཛོམས་མི་ཡོང་བའི་ཆེད་དུ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅ་ཏེ་དབྱར་རྩྭ་དགུན་འབུའི་ཁྲོམ་རའི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་མང་པོ་རུ་དུས་གཅིག་ཏུ་སྤེལ་བཞིན་ཡོད་པ་རེད།