གནས་སྤོ་སྡོད་ཁུལ་དུ་སྐྱིད་ཀྱི་མེ་ཏོག་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    མཐོ་སྒང་གི་ནམ་ཟླ་ནི་ཉིན་བཞིན་ཇེ་དྲོར་འགྲོ་བཞིན་ཡོད་ལ། རི་ལུང་ཀུན་དུ་སྟག་མའི་མེ་ཏོག་དང་ཁམ་བུའི་མེ་ཏོག་གི་དྲི་ངད་ལྡང་བཞིན་ཡོད་དེ། དཔྱིད་ཀྱི་སྣང་བ་ཞིག་གིས་ཡོངས་སུ་ཁེངས་ཡོད། ཉེ་ཆར་མཁའ་འགྲོ་སྡོད་ཁུལ་དུ་ཡང་མེ་ཏོག་སྣ་ཚོགས་བཞད་ཡོད་དེ། སྡོད་མི་ཚོས་རང་ཁྱིམ་ནས་དཔྱིད་ཀའི་སྣང་བར་རོལ་ཐུབ་པས་འདི་ཡང་བདེ་སྐྱིད་ཆུང་ཆུང་ཞིག་ཡིན་པ་རེད།

    མཁའ་འགྲོ་སྡོད་ཁུལ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་སྤྱི་ལེ་4ཙམ་གྱི་མཚམས་སུ་ཡོད་ལ། སྡོད་ཁུལ་འདི་ནི་གཙོ་བོ་བདེ་ཆེན་ཁུལ་གྱི་སྤྱི་བའི་གླ་གཏོང་ཁང་བ་དང་འཇོལ་རྫོང་གཡག་རྭ་ཤང་དགོན་འོག་གྲོང་ཚོའི་དབུལ་སྐྱོར་གནས་སྤོའི་གཞིས་གསར་ཡིན་པ་རེད། སྤྱི་བའི་གླ་གཏོང་ཁང་བ་ནི་རྒྱལ་ཁབ་ཀྱིས་ཡོང་འབབ་ཐོན་པོ་མེད་པའམ་འཚོ་བའི་ཆ་རྐྱེན་ཞན་པ། གྲོང་ཁྱེར་ན་ཁང་བ་མེད་པ། གྲོང་ཁྱེར་ནས་ཁང་བ་ཉོ་བའི་ནུས་པ་མེད་པའི་མི་སྒེར་དང་ཁྱིམ་ཚང་ལ་དམིགས་ནས་བཟོས་པ་ཞིག་ཡིན་པས། གནས་འདིའི་གླ་གཏོང་ཁང་བའི་གླ་རིན་གྲོང་ཁྱེར་ནང་དང་བསྡུར་ན་མངོན་བསལ་གྱིས་དམའ་བ་མ་ཟད། སྤྱི་སྤྱོད་རླངས་འཁོར་དང་ཚོང་ཁང་། ཟ་ཁང་། སྡོད་ཁུལ་སྨན་ཁང་སོགས་འཚོ་བའི་ཆ་རྐྱེན་སྣ་ཚོགས་འཇོམས་པས་ཧ་ཅང་སྟབས་བདེ་ཡིན་པ་རེད།

    2018ལོའི་ཟླ་11པར། འཇོལ་རྫོང་གཡག་རྭ་ཤང་དགོན་འོག་གྲོང་ཚོ་གནས་འདིར་དབུལ་སྐྱོར་གནས་སྤོ་བྱས་ཡོང་ལ། གྲོང་ཚོ་ཡོངས་ལ་བསྡོམས་པས་ཚོ་ཆུང་10དང་དུད་ཁྱིམ་184ཡོད་པ་རེད། གཡར་རྭ་ཤང་ནི་ཡུན་ནན་ཞིང་ཆེན་གྱི་ཆེས་མཐའ་མར་གཞུང་ལམ་ཤར་གཏོང་ཐུབ་པའི་ཤང་ཡིན་ལ། གནས་དེའི་ས་རི་རྩུབ་ཅིང་ཐོན་ཁུངས་བཀོན་པས། དེ་སྔོན་ཡུལ་འདིའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞན། དེ་ཕྱིར་རྒྱལ་ཁབ་ཀྱིས་གནད་དོན་འདིར་དམིགས་ནས་དབུལ་སྐྱོར་གནས་སྤོའི་སྲིད་ཇུས་ལག་བསྟར་བྱས་པ་རེད། དགོན་འོག་གྲོང་ཚོ་མཁའ་འགྲོ་སྡོད་ཁུལ་དུ་གནས་སྤོ་བྱས་རྗེས་དེ་སྔོན་གྱི་འགྲིམ་འགྲུལ་སྟབས་མི་བདེ་བ་དང་བུ་ཕྲུག་གིས་སློབ་གསོ་མྱོང་དཀའ་བ། སྨན་བཅོས་བྱེད་དཀའ་བ་སོགས་ཁ་ཚ་དགོས་གཏུག་གི་འཚོ་བའི་གནད་དོན་མང་བོ་ཞིག་ཐག་གཅོད་བྱས་ཡོད་པ་རེད། 

    དུས་ད་ལྟ་དགོན་འོག་གྲོང་ཚོའི་ན་གཞོན་མང་བོ་ཞིག་གིས་ཕྱི་ན་ཟོག་སྐྱེལ་རླངས་འཁོར་དང་འཛུགས་སྐྲུན་ལས་གྲྭར་རླངས་འཁོར་གཏོང་བཞིན་ཡོད་ལ་ཡོང་འབབ་ཀྱང་མི་ཉུང་བ་ཞིག་ལེན་བཞིན། ཁྱིམ་མི་རྒན་གྲས་རིགས་ཀྱིས་ཀྱང་ཉེ་འཁོར་དུ་ལས་ཀ་ཙག་ཙིག་ལས་བཞིན་ཡོད་པས་འཚོ་བའི་ཡོང་འབབ་དང་ཆ་རྐྱེན་ལ་རིམ་བཞིན་འགྱུར་ལྡོག་བྱུང་བཞིན་ཡོད་དེ། འདི་དག་ཀྱང་སྲིད་གཞུང་གིས་དབུལ་སྐྱོར་གནས་སྤོའི་སྲིད་ཇུས་ལག་བསྟར་མཐའ་མཁྱོལ་བྱས་པའི་དགེ་མཚན་ཞིག་ཅི་ལ་མིན།    སྲིད་གཞུང་གིས་སྡོད་ཁུལ་གྱི་མི་སྡོད་འཚོ་བའི་ཁོར་ཡུག་དང་འཚོ་སྡོད་སྤུས་ཚད་ཇེ་ལེགས་སུ་གཏོང་ཆེད་སྡོད་ཁུལ་གྱི་སྔོ་ལྗང་ཅན་གྱི་འཛུགས་སྐྲུན་ལ་མཐོང་ཆེན་བྱས་ཡོད་དེ། དཔྱིད་ཀྱི་དྲོད་ཁོལ་རྒྱས་པ་དང་བསྟུན་ནས་སྡོད་ཁུལ་གྱི་ཁམ་སྡོང་དང་ལི་སྡོང་སོགས་ལ་མཛེས་པའི་མེ་ཏོག་རྒྱས་ལ་ཡོད་ལ། ཤུག་སྡོང་དང་རྒྱ་ལྕང་སོགས་ལ་རེ་བའི་མྱུ་གུ་འབུས་འདུག  བྱིས་པ་ཚོས་མེ་ཏོག་དང་སྡོང་བའི་བར་ན་རྩེད་དགར་རོལ་བཞིན་ཡོད་ལ། ལོ་ལོན་ཚོས་དྲོད་འཇམ་གྱི་ཉི་འོད་ཁྲོད་ན་འཕྲེང་བ་བགྲང་ཞོར་ཁ་བརྡ་བྱེད་བཞིན་ཡོད་དེ།འདི་ནི་འཚོ་གསར་བ་ཞིག་གི་སྣང་ཚུལ་ཡིན་ལ། འདི་ནི་བདེ་སྐྱིད་འཚོ་བའི་སྣང་ཚུལ་ཡིན་པ་རེད།