བྱིས་པས་རང་གི་ལོ་ཚད་ལས་བརྒལ་བའི་སྨན་འཐུང་ན་འགྲིག་གམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-08   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

     2016ལོའི་བྱིས་པའི་སྨན་བཀོལ་བའི་བདེ་ཐང་སྐོར་གྱི་ཞིབ་འཇུག་སྙན་ཞུ་ཞིག་ཏུ། རང་རྒྱལ་ལ་ལོ་རེར་སྨན་སྤྱོད་སྟངས་མ་འགྲིག་པའི་དབང་གིས་རྣ་བ་འོན་པར་གྱུར་པའི་བྱིས་པ་ཁྲི་3ལྷག་དང་ཚེ་ལས་འདས་པའི་བྱིས་པ་སྟོང་7ལྷག་ཟིན་ཡོད་ལ། ད་དུང་སྨན་སྤྱོད་སྟངས་མ་འགྲིག་པས་བྱིས་པའི་གློ་བ་དང་མཁལ་མ། ཀླད་པ་སོགས་ལ་གནོད་པ་བྱུང་པའི་གྱོན་དོན་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད།

    ཆེད་མཁས་པ་རྣམས་ཀྱིས་བྱིས་པར་ལོ་ཚད་ལས་བརྒལ་པའི་སྨན་འཐུང་དུ་འཇུག་མི་རུང་ཟེར། རྒྱུ་མཚན་ནི་བྱིས་པའི་དོན་ལྔ་སྣོད་དྲུག་དང་དབང་པོ་སོགས་འཚར་ལོངས་འབྱུང་བཞིན་པའི་སྒང་རེད། ད་དུང་བྱིས་པ་དང་དར་མིའི་དབར་གཟུགས་པོའི་ལྕི་ཡང་དང་གཟུགས་སྟོབས་ཀྱི་ཁྱད་པར་ཡོད་པ་མ་ཟད། དེ་བས་གལ་ཆེ་བ་ནི་སྐྱེ་ཁམས་སོགས་ཀྱི་ཐད་ཁྱད་པར་ཆེན་པོ་ཡོད། དེ་བས་བྱིས་པས་མི་དར་མའི་སྨན་འཐུང་ན་ཉེན་ཁ་ཧ་ཅང་ཆེ་ཟེར། རང་རྒྱལ་དུ་བྱིས་པས་གོལ་འཛོལ་གྱིས་སྨན་སྤྱད་པ་བརྒྱ་ཆའི་བཅུ་གཉིས་ནས་སོ་གཉིས་བར་ཡིན་ལ། སྨན་མི་འཕྲོད་པའི་ནད་རྟགས་བྱུང་ཚད་བརྒྱ་ཆའི་བཅུ་གཉིས་དང་ཚེག་དགུ་ལ་བསླེབས་འདུག་པས། དེ་ནི་དར་མའི་ལྡབ་གཉིས་རེད།  སྨན་མ་འཕྲོད་ན་དཔེར་ན་རྣ་བ་འོན་པར་གྱུར་པ་དང་གློ་བ་དང་མཁལ་མ། ཀླད་པ་སོགས་ལ་གནོད་པ་ཆེན་པོ་འབྱུང་སྲིད། དེ་མ་ཟད་བྱིས་པ་ལ་ལས་མི་དར་མའི་སྨན་འཐུང་ནས་རང་གི་ཚེ་སྲོག་ཡང་ཤོར་པའི་གནས་ཚུལ་མཐོང་རྒྱུ་ཡོད་འདུག  དེ་བས་ཁྱིམ་བདག་རྣམས་ཀྱིས་ཡིད་གཟབ་གནང་དགོས་འདུག  བྱིས་པར་བྱིས་པའི་སྨན་འཐུང་དུ་བཅུག་ན་མ་གཏོགས་ལོ་ཚད་ལས་བརྒལ་བའི་སྨན་འཐུང་དུ་འཇུག་མི་རུང་།