“ལྔ་གཅིག”གུང་གསེང་རིང་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་475.6ཟིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-07   རྩོམ་ཁུངས།    མི་དམངས་དྲ་བ།

ཡུལ་སྐོར་བས་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    ཚེས་5ཉིན་གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི“ལྔ་གཅིག”གུང་གསེང་རིང་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད་པ་དང་རྒྱལ་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་1.15ལ་སྣེ་ལེན་ཞུས་པས་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་475.6ཟིན་པ་རེད།
    རིག་གནས་དང་ཡུལ་སྐོར་པུའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་5ཚེས་5ཉིན་རྒྱལ་ཡོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1023.1ལ་སྣེ་ལེན་ཞུས་པས་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་43.3ཟིན་པ་རེད།
    རིག་གནས་དང་ཡུལ་སྐོར་པུའི་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉིན་ལྔའི་གུང་གསེང་རིང་རིག་ལྡན་ཡུལ་སྐོར་དེ་ཞབས་ཞུ་དང་དོ་དམ་བྱ་ཐབས་གསར་པ་ཞིག་གི་ངོས་ནས་གུང་གསེང་རིང་གི་ཡུལ་སྐོར་བརྟན་ལ་གོ་རིམ་ལྡན་པ་ཡོང་རྒྱུ་འགན་ལེན་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་རེད། “ཝུའུ་ཧན་གྱི་རིམས་འགོག་དམག་འཁྲུག”གི་སྐད་འཕྲིན་གྱི་གོ་རིམ་ཆུང་ངུའི་ཐོག“ཀུན་གྱིས་དོ་སྣང་བྱེད་པའི་ས་ཁོངས་ཀྱི་འགྲུལ་པ་འགྲོ་འོང་བྱེད་ཚད”མངོན་པའི་ནུས་པ་བཏོན་པས་ཡུལ་སྐོར་བས་ཧོང་ཧོ་ལོའུ་དང་ཧན་ཁོའུ་གཙང་འགྲམ་སོགས་གྲོང་ཁྱེར་ནང་ཁུལ་གྱི་ཀུན་གྱིས་དོ་སྣང་བྱེད་པའི་མཛེས་ལྗོངས་ཁུལ་དང་ཚོང་ལམ་14ཡི་ཉིན་དེའི་འགྲུལ་པ་འགྲོ་འོང་བྱེད་ཚད་དུས་ཐོག་ཏུ་ལྟ་ཐུབ་པ་དང་མཛེས་ལྗོངས་ཁུལ་ཁག་གིས་དགོས་མཁོ་སྐོང་ཚད་ཀྱི་འཕེལ་ཕྱོགས་གསལ་སྟོན་བྱས་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་ཁག་གིས་རིག་ལྡན་ལས་སྟེགས་གང་ལེགས་སྤྱད་དེ་མཛེས་ལྗོངས་ཁུལ་གྱི་དོ་དམ་དང་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ལས་དོན་ལ་སྤྱིའི་ཆ་ནས་བཀོད་འདོམས་བྱས་པ་རེད། གློག་རྡུལ་སྤྱད་དེ་འབྲེལ་གཏུག་ཞབས་ཞུ་བྱེད་པ་དང“བདེ་ཐང་ཨང་རྟགས”ཀྱི་བཤེར་རྟགས་འགག་སྒོ་མདུན་དུ་སྤོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་སྣ་འདུ་འཛོམས་ཀྱི་ཉེན་ཁ་ཆུང་དུ་བཏང་ཡོད་པ་རེད། ཀོང་ཤིས་སུ་ཆ་འཕྲིན་ལྟ་སྐུལ་དོ་དམ་ལས་སྟེགས་བརྒྱུད་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གི་ཡུལ་སྐོར་བའི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་བྱས་ནས་ཡུལ་སྐོར་བའི་གྲངས་འབོར་དེ་མཛེས་ལྗོངས་ཁུལ་གྱི་ཐེག་ཚད་ཆེ་ཤོས་ཀྱི་20%ཟིན་སྐབས་ཉེན་བརྡ་ཐེངས་དང་པོ་བཏང་བ་དང་། 26%ལ་སླེབས་སྐབས་ཉེན་བརྡ་ཐེངས་གཉིས་པ་གཏོང་བ། 30%ལ་སླེབས་སྐབས་སྤ་སེ་འཚོང་བ་དང་ཡུལ་སྐོར་བ་མཛེས་ལྗོངས་ཁུལ་དུ་འཛུལ་རྒྱུ་མཚམས་འཇོག་བྱེད་ཀྱི་ཡོད་པ་རེད།
    ད་ལོའི“ལྔ་གཅིག”གུང་གསེང་རིང་། གྲོང་གསེབ་ཡུལ་སྐོར་དང་མཐའ་འཁོར་ཡུལ་སྐོར་སོགས་ཐག་ཉེ་སའི་ཡུལ་སྐོར་དེ་ཡུལ་སྐོར་བ་ཡུལ་སྐོར་དུ་སྐྱོད་མང་བའི་ས་ཚིགས་སུ་གྱུར་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་བྱེད་སྒོས་ཡུལ་སྐོར་བར་ཐུན་མོང་མིན་པའི་གུང་གསེང་ཞིག་མྱོང་རོལ་ཐུབ་པ་བྱས་ཡོད། ཧོ་ནན་ཁའེ་ཧྥོང་རྨ་ཆུའི་སྣོད་བཅུད་བར་ཁྱམས་ཀྱི་དཔེ་སྟོན་ཁུལ་དང་ཀྲུའུ་ཤན་གནའ་གྲོང་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ས་ཚིགས་ཀྱིས་གྲོང་མི་མང་པོ་ལྟ་སྐོར་སྤྲོ་གསེང་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ཅང་སུའུ་ཡིས་སྨྱན་སྦྱོར་གསར་པ་དང་རྟོག་བཟོའི་དོན་དངོས་སོགས་ཀྱི་བྱ་ཐབས་བརྒྱུད་དྲ་ཐོག་ཏུ་མཛེས་ལྗོངས་ལ་ལྟ་བ་དང་། འགྲེམས་སྟོན་ལ་ལྟ་བ། འཁྲབ་སྟོན་ལ་བལྟ་བ་བཅས་ཀྱི་རྣམ་གྲངས་2120བཏོན་པ་དང་གཞས་མ་གཏམ་སྒྱུ་རྩལ་མཛེས་ལྗོངས་ཁུལ་དུ་བསྐྱོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་མཛེས་ལྗོངས་ཁུལ་དུ་བསྐྱོད་པ། སྐྱེད་ཚལ་ནང་འཁྲབ་སྟོན་བྱེད་པ། མངོན་མིན་རིག་གནས་ཤུལ་བཞག་དྲ་ཐོག་ཏུ་་འགྲེམས་སྟོན་བྱེད་པ་སོགས་ཀྱི་བྱེད་སྒོ་སྔ་རྗེས་སུ་སྤེལ་ནས་གུང་གསེང་རིང་གི་ཁྲོམ་རའི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་བ་དང་རིམ་པ་མི་འདྲ་བའི་ཡུལ་སྐོར་བའི་དགོས་མཁོ་བསྐངས་ཡོད་པ་རེད།