གནམ་རིག་སྐར་རྩིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-05-06   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

    བོད་ཀྱི་སྐར་རྩིས་རིག་པ་ནི་ཁྱད་དུ་འཕགས་པའི་རིག་གཞུང་ཞིག་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་ལ། བོད་རིགས་མང་ཚོགས་ཀྱིས་འཚོ་བའི་གོ་རིམ་ཁྲོད་གསར་གཏོད་བྱས་པའི་གངས་ཅན་ཁྱད་ནོར་ཞིག་ཀྱང་ཡིན། ལོ་ངོ་སྟོང་ཕྲག་ལྷག་གི་རིང་བོད་རིགས་མང་ཚོགས་ཀྱིས་རང་གི་བློ་གྲོས་ཀྱི་རྩལ་དང་སྤྱི་ཚོགས་ཀྱི་ཉམས་མྱོང་ལ་བརྟེན་ནས་གནམ་གཤིས་ལྟ་ཚུལ་གྱི་མ་ལག་ཅིག་ཆགས་ཡོད་དེ། དེ་ནི་ས་ལ་དུས་བཞིའི་འཁོར་ཚུལ། གནམ་ལ་གཟའ་སྐར་རྒྱུ་ཚུལ། ཉི་ཟླ་གཟའ་འཛིན། གནམ་གཤིས་དྲོད་ཚད། ཐན་ཞོད་དྲག་ཆར། སྤྲིན་རླུང་། ཆབ་རོམ་སོགས་ཕྱི་རོལ་གྱི་དངོས་པོ་དེ་དག་གི་འགྱུར་ལྡོག་ལ་བརྟེན་ནས་མ་འོངས་པའི་གནམ་གཤིས་སྔོན་དཔག་བྱེད་པ་དེ་ཡིན། དེ་ནས་རིམ་བཞིན་གནམ་རིག་གི་འགྱུར་ལྡོག་མ་ནོར་བར་ལི་ཐོའི་ལམ་ནས་ལུང་དུ་སྟོན་ཐུབ་པའི་བོད་ཀྱི་སྐར་རྩིས་རིག་པ་འདི་དར་བ་ནས་འཕེལ་རྒྱས་དང་། འཕེལ་རྒྱས་ནས་ཆ་ཚང་དུ་གྱུར་ཏེ་བོད་ཀྱི་རིག་གནས་ཁྲོད་རང་བྱུང་ཚན་རིག་གི་ཆ་དང་ལྡན་པའི་རིག་གནས་ཀྱི་བྱེ་བྲག་ཅིག་ཏུ་གྱུར་ཏེ། བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཐོན་སྐྱེད་ཕྱོགས་ལ་ཁ་ཕྱོགས་ཡག་པོ་སྟོན་པའི་རིག་ཚན་ཁྱད་དུ་འཕགས་པ་ཞིག་ཡིན། དེ་ནས་རིམ་བཞིན་རིམ་བྱོན་མཁས་པ་རྣམས་ཀྱིས་མི་རིགས་རང་གི་གནའ་བོའི་སྐར་རྩིས་སྟེང་། དུས་རབས་བཅུ་གཅིག་པར་རྒྱ་གར་ནས་དར་བའི་དུས་འཁོར་ལུགས་ཀྱིས་སྐར་རྩིས་དང་དབྱངས་འཆར། ནང་ལོག་ནས་དར་བའི་རྒྱ་རྩིས་དང་ནག་རྩིས་བཅས་ཀྱིས་ལེགས་པའི་ཆ་སྡུད་ལེན་བྱས་ཏེ། བོད་ཀྱི་བཅུ་ཕྲག་རིག་པའི་ཡ་གྱལ་ཞིག་ཏུ་གྱུར་ཡོད་པ་ཡིན། 
    དེང་རབས་གནམ་དཔྱད་རིག་པ་དང་། སྐར་ཚོགས་དངོས་ལུགས་རིག་པ། གནམ་གཤིས་རིག་པ་སོགས་ཧ་ཅང་འཕེལ་རྒྱས་སུ་སོང་བའི་དེང་གི་སྤྱི་ཚོགས་ནང་། བོད་ཀྱི་གནམ་རིག་སྐར་རྩིས་རིག་པའི་གཞུང་ལུགས་ལ་བརྟེན་དེ་བོད་ཀྱིས་རྩོམ་སྒྲིག་བྱས་པའི་ལི་ཐོས་བོད་མཐོ་སྒང་ལ་ཕན་ཐོག་ཆེན་པོ་ཐོན་ཡོད་པ་རེད། ལི་ཐོ་དེ་དག་བོད་མདོ་དབུས་ཁམས་གསུམ་ཙམ་དུ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཡུལ་དང་། རྒྱ་གར། ནེ་པཱ་ལ་སོགས་སུའང་བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེན་པོ་ཡོད་ལ། དེ་གའི་མི་དམངས་མང་ཚོགས་ཀྱིས་བོད་ཀྱིས་ལི་ཐོ་ལ་བརྟེན་ནས་ཞིང་ཕྱུགས་ཐོན་སྐྱེད་དང་། གནམ་གཤིས་སྔོན་བརྡ་ལ་རྟག་དཔྱད་ཞིབ་མོ་བྱས་ཏེ། ཁོ་ཚོ་ལ་ཕན་ཐོགས་ཆེན་པོ་ཐོན་གྱི་ཡོད་པ་རེད། དེ་བས་ང་ཚོས་གནམ་རིག་སྐར་རྩིས་རིག་པར་མུ་མཐུད་དུ་འཛིན་སྐྱོང་སྤེལ་གསུམ་བྱས་ནས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་ནུས་མི་དམན་པ་ཞིག་འདོན་དགོས། དེ་ཡང་མཁས་པའི་ངག་རྒྱུན་ལ། སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་པ་ལྟར། གྲངས་ཀྱིས་སྒོ་ནས་རྩིས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ལ་ཕན་པ་བླ་ན་མེད་པ་ཞིག་བསྐྲུན་ཡོད་པ་ནི་གདོན་མི་ཟ། གཞན་ཡང་བོད་ཀྱི་གནམ་རིག་སྐར་རྩིས་རིག་པ་དེ་བོད་སྨན་དང་། སངས་རྒྱས་ཆོས་ལུགས། ཞིང་འབྲོག་ཐོན་སྐྱེད། དམངས་སྲོལ་སོགས་ཀྱི་བར་ལའང་འབྲེལ་བ་དམ་པོ་ཡོད་པ་རེད། 
    སྤྱི་ལོ་སྔོན་གྱི་ལོ་སུམ་བརྒྱ་ལྷག་གི་གཡས་གཡོན་ལ་བྱུང་བའི་བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་སུ་བོད་ཀྱི་གནམ་རིག་སྐར་རྩིས་རིག་པ་ཆེད་མཁས་པ་རོང་སྐྱེས་བྱུང་ལ། གདོད་མའི་བོན་ཆོས་ནང་དུའང་གནམ་རིག་སྐར་རྩིས་ཕྱོགས་ཀྱི་ནང་དོན་མི་ཉུང་བ་ཞིག་བཀོད་ཡོད་པ་རེད།《ཞང་བོད་གནའ་བོའི་ལོ་རྒྱུས》སུ་གནའ་བོའི་ཞང་ཞུང་གི་ཤེས་རིག་ནང་དུ་གནམ་ཐང་གྲངས་རྩིས་ཀྱི་ཐབས་ལམ་ཡོད་པ་རེད། ཟླ་བའི་འཁོར་སྤྱོད་ལ་གཞིག་སྟེ་ཟླ་གཅིག་ལ་གཟའ་འཁོར་བཞི་དང་། ཟླ་བ་ཆེ་བར་ཉིན་སུམ་བཅུ་ཐམ་པ། ཟླ་བ་ཆུང་བར་ཉིན་ཉི་ཤུ་རྩ་དགུ། དུས་ཚིགས་གཅིག་ལ་ཟླ་བ་གསུམ། དུས་ཚིགས་བཞི་ལ་ལོ་གཅིག་སོགས་ཁྱད་དུ་འཕགས་པའི་གནམ་རིག་སྐར་རྩིས་རིག་པའི་རིག་ལམ་དེ་འཕེལ་ཡོད་པ་རེད། 
    སངས་རྒྱས་བསྟན་པ་བོད་དུ་དར་བ་ནས་བཟུང་རྒྱ་གར་གྱི་རྩིས་གཞུང་ལོ་ཆེན་རྣམས་ཀྱིས་བོད་དུ་བསྒྱུར་བ་དང་བསྟུན། མཁས་དབང་ཞང་སྟོན་རྡོ་རྗེ་རྒྱལ་མཚན་དང་། འགྲོ་མགོན་འཕགས་པ་སོགས་ཀྱིས་སྔ་གཞུག་ཏུ་རྩིས་གཞུང་བརྩམས་ཆོས་དུ་མ་བརྩམས་ཏེ་སྔ་ན་མེད་པའི་འཕེལ་རྒྱས་བྱུང་ཡོད། རྩིས་གཞུང་དུ་མིའི་ཁམས་ནི་འབྱུང་བ་ལྔ་ཡི་གྲུབ་པ་ཡིན་པ། ཕྱི་རོལ་གྱི་འཇིག་རྟེན་ཡང་ཁམས་ལྔ་ལས་གྲུབ་པ་ཡིན་ཟེར། དེ་མིའི་ཁམས་དང་འཇིག་རྟེན་ཁམས་གཉིས་བར་འབྲེལ་བ་དམ་པོ་ཡོད་དེ། སྔགས་ཕྱོགས་ཀྱི་བཤད་ཚུལ་ནི་གང་ཟག་གི་མིའི་དབུགས་འབྱིན་སྤྱད་ཀྱི་གཙོ་བོ་ནི་རྩ་དབུ་མ་ཡིན་ཞིང་། དེའི་གཡས་གཡོན་དུ་རྩ་རོ་མ་དང་རྩ་རྐྱང་མ་གཉིས་ཡོད། མི་རྣམས་ཀྱིས་དབུགས་འབྱིན་ཚུལ་སྟེང་དུ་རྩ་རོ་མ་དང་རྐྱང་མ་གཉིས་ཉི་ཟླ་གཉིས་དང་འབྲེལ་བ་ཡོད་པར་བཤད། གང་ལྟར་འབྱུང་ཁམས་དང་འབྱུང་ལྔའི་འགྱུར་ལྡོག་སོགས་བརྟག་ཐབས་ཤེས་པ་དེས་ཀྱང་བོད་ཀྱི་ཞིང་འབྲོག་ཐོན་སྐྱེད་ལག་ལེན་གྱི་ཁྲོད་དུ་རང་བྱུང་ཁམས་ཀྱི་ཕན་གནོད་བྱེད་ལས་སྔོན་བརྡ་སྟོན་ཐུབ་པར་བརྟེན། རིག་གནས་དང་དཔལ་འབྱོར་གང་ཅི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད་དོ།།
    མི་རིགས་གང་དང་གང་ཞིག་ཡིན་ནའང་རང་རང་གི་འཚོ་བའི་གོམས་སྲོལ་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་། བོད་མི་རིགས་རང་ལ་མཚོན་ནས་བཤད་ན། བན་བོན་ཆོས་ལུགས་དང་ས་ཆའི་ཁོར་ཡུག སྤྱི་ཚོགས་འཕེལ་རྒྱས་དང་། སྐར་རྩིས་རིག་པ་སོགས་ལ་རག་ལས་ཡོད་དེ། སྒོས་སུ་སྐར་རྩིས་རིག་པ་དང་འབྲེལ་བའི་གནས་ཚུལ་བཤད་ན་ཧ་ཅང་མང་། ཐ་ན་བུ་ཆུང་གི་སྐྲ་བཞར་བའི་ཉི་མ་བརྩི་ཚུལ། བུ་ལོན་འཇལ་བའི་ཉི་མ་བརྩི་ཚུལ། ནམ་འགྲོ་ནམ་ཡོང་གི་ཉི་མ་བརྩི་ཚུལ། ལོ་ཏོག་གི་ལེགས་ཉེས་ཀྱི་ཉི་མ་བརྩི་ཚུལ། སྤར་ཁ་བརྩི་ཚུལ་སོགས་རྩིས་སྲོལ་ཧ་ཅང་མང་པོ་ཡོད་ཅིང་། དེ་རྣམས་སུ་ཚན་རིག་གི་ཆ་ཡོད་མེད་གང་རུང་ཡིན་ནའང་། གནའ་ནས་ད་ལྟའི་བར་ཏུ་མདོ་དབུས་མཐོ་སྒང་གི་ས་ཆར་དར་རྒྱ་ཤིན་ཏུ་ཆེ་སྟེ། འཚོ་བའི་གོམས་སྲོལ་དང་སྲོལ་རྒྱུན་གྱི་འདུ་ཤེས། མི་རྣམས་ཀྱི་འཚོ་བ་སོགས་གང་ཐད་ལ་འབྲེལ་བ་དམ་པོར་ཡོད་པས་ཚང་མས་ཤེས་པར་བྱེད་དགོས། 
    སྤྱིར་བོད་ཀྱི་སྐར་རྩིས་རིག་པ་ནི་བཅུ་ཕྲག་རིག་པ་ལས་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཞིག་ཡིན་ཞིང་། བོད་ཀྱི་རིག་གནས་ཁྲོད་ཚན་རིག་གི་ཆ་ཆེས་ཆེར་མང་བས། གནའ་སྔ་མོ་ནས་ད་ལྟའི་བར་བོད་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་བླ་ན་མེད་པ་ཐོན་ཡོད། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་དང་ཞིང་འབྲོག་ཐོན་སྐྱེད་ཐད་ལ་ཚན་རིག་གི་རང་བཞིན་ལྡན་པའི་བྱས་རྗེས་སུབ་ཐབས་མེད་པ་བཞག་ཡོད་དེ། དེ་ཚང་མ་བོད་ཀྱི་མཁས་དབང་རིམ་བྱོན་གྱིས་དཀའ་སྤྱད་སྡུག་རུས་ཀྱི་སྒོ་ནས་བླངས་པའི་གྲུབ་འབྲས་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཚང་མས་ཤེས་གསལ་ལྟར་རོ།།
    ད་སྐབས་བོད་ཀྱི་སྐར་རྩིས་རིག་པ་ཞེས་པའི་སྐར་རྩིས་འདི་ནི་ཁུངས་དང་ལྡན་པ་ཞིག་ཡིན་ཏེ། དུས་འཁོར་རྩ་རྒྱུད་དང་བསྡུས་རྒྱུད་གཉིས་གཙོ་བོ་ཡིན་ལ། བོད་ཀྱི་རྩིས་གཞུང་ལ་མཚོན་ནས་བཤད་ན། བུ་སྟོན་གྱི་མཁས་པ་དགའ་བྱེད། མཁས་གྲུབ་རྗེའི་ཊི་ཀ་ཆེན་དེ་ཉིད་སྣང་བ། མཁས་གྲུབ་ནོར་བཟང་རྒྱ་མཚོའི་དྲི་མེད་འོད་རྒྱན། ཕུག་པ་ལྷུན་གྲུབ་རྒྱ་མཚོའི་པད་དཀར་ཞལ་ལུང་མ་བུ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེེ་ཌའུ་རྱ་དཀར་བོ་མ་བུ། ཕྱག་མཛོད་གསུང་རབ་ཀྱི་རིགས་ལྡན་སྙིང་ཐིག བྲག་དགོན་བསྟན་པ་རབ་རྒྱས་ཀྱི་རིགས་ལྡན་མཆོད་པའི་འོད་སྣང་། དཧརྨ་ཤྲའིའི་ཉིན་བྱེད་སྣང་བ་སོགས་སྐར་རྩིས་ཀྱི་ཁུངས་ཤིན་ཏུ་མང་ངོ་།།
    དེ་ཡང་བོད་སྐར་རྩིས་རིག་པའི་ནང་དོན་ལ་ཁྱབ་རྒྱ་ཧ་ཅང་ཆེ་མོད། སྤྱི་བསྡོམས་བྱས་ན་ཆེ་ཁག་ལྔ་ཡི་སྒོ་ནས་དབྱེ་ཆོག་པ་རེད། 
    ཁག་དང་པོའི་ནང་དུ་གནམ་རིག་སྐར་རྩིས་རིག་པའི་ལོ་རྒྱུས་བརྗོད་ཡོད།དེ་ལ་བོད་ཀྱི་གནའ་བོའི་གནམ་རིག་སྐར་རྩིས་རིག་པའི་ལོ་རྒྱུས། དཔལ་དུས་ཀྱི་འཁོར་ལོའི་བྱུང་འཕེལ་གྱི་ལོ་རྒྱུས། སྐར་རྩིས་ལོ་ཐོར་བསྒྱུར་བའི་ལོ་རྒྱུས། འབྱུང་ལྔའི་རིག་གཞུང་གི་ལོ་རྒྱུས། གཞན་ད་དུང་སྐར་རྩིས་གྲུབ་མཐའི་བརྒྱུད་སྤེལ་ལོ་རྒྱུས་སོགས་ཡོད་པ་ཡིན། 
    ཁག་གཉིས་པའི་ནང་དུ་གནམ་རིག་སྐར་རྩིས་རིག་པའི་ཕྱོགས་ཀྱི་ནང་དོན་བསྟན་ཡོད་པ་རེད། དེ་ལའང་སྐར་རྩིས་ཀྱི་རྨང་གཞི་དང་སྐར་རྩིས་རིག་པའི་ཁོང་གཏོགས་ཀྱི་ཕྱོགས། ཕན་ནུས་ཀྱི་ཕྱོགས་མང་པོ་ཞིག་བསྟན་ཡོད་པ་ཡིན་ལ། འབྱུང་ཁམས་གྲུབ་ཚུལ་གྱི་བཞེད་ཚུལ་མི་འདྲ་བ། སྐྱེ་དངོས་སྣ་ཚོགས་ཀྱི་སྣང་ཚུལ་སོགས་དོན་དངོས་ཀྱི་ལག་ལེན་ཕྱོགས་ལ་མེད་དུ་མི་རུང་བའི་གནམ་རིག་སྐར་རྩིས་རིག་པའི་ནང་དོན་སོགས་ཡོད་པ་ཡིན། 
    ཁག་གསུམ་པའི་ནང་དུ་འབྱུང་ཁམས་ནི་འབྱུང་བ་ལྔའི་གྲུབ་ཚུལ་བསྟན་ཡོད་པ་རེད། འབྱུང་ལྔའི་རྩིས་རིག་པ་ལ་བརྟེན་ནས་དུས་བཞི་ཁམས་ལྔའི་འབྱུང་བ་བརྩི་བ་མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་རྩིས་ནས་ཤེས་དགོས་པས། རེག་པ་རྩ་ལ་བརྟེན་ནས་བརྟག་ཐབས་འདི་ནི་གཙུག་ལག་རྩིས་ཀྱི་རིག་པ་དང་འབྲེལ་ཆ་ཆེས་ཆེ་བ་ཞིག་ཏུ་གྲུབ་ཡོད། གསོ་རིག་གཞུང་གི་སྐབས་དོན་མང་པོ་ཞིག་རྩིས་ཀྱི་རིག་པ་ལ་བརྟེན་དགོས་པས། སྨན་པ་རྣམས་ཀྱིས་སྨན་སློབ་པའི་ཚེའང་རྩིས་ཀྱི་རིག་པ་ལ་སློབ་སྦྱོང་བྱེད་དགོས་པ་ཞིག་ཡིན། གཞན་གནམ་རིག་སྐར་རྩིས་རིག་པ་ནི་འཇིག་རྟེན་སྐྱེ་དངོས་ཡོད་ཚད་ཀྱི་སྐྱེ་འཕེལ་དང་། འབྱུང་ལྔའི་འཁོར་སྤྱོད་ཀྱིས་ནུས་པ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན།འདི་འདྲའི་འབྱུང་རྩིས་རིག་གཞུང་ནི་དུས་འཁོར་སྐར་རྩིས་རིག་པའི་མ་ལག་ཁྲོད་ཀྱི་རྨང་གཞི་དང་། སྤྱིར་བཏང་གི་གཞུང་ལུགས་ཤིག་ཡིན། 
    ཁག་བཞི་བའི་ནང་དུ་གནམ་རིག་སྐར་རྩིས་རིག་པའི་རྩིས་གཞུང་རེའུ་མིག་ཡིན་ལ། ཉི་ཟླ་གཉིས་ཀྱི་འཛིན་ཚུལ། སྒྲུབ་ཚུལ་སོགས་བཤད་ཡོད་པ་ཡིན། 
ཁག་ལྔ་བའི་ནང་དུ་གནའ་བོའི་སྐར་རྩིས་ལག་བྲིས་རྣམས་ཇི་ལྟར་བྱས་ཏེ་བརྒྱུད་འཛིན་བྱས་ནས་འཇིག་རྟེན་འདིར་ཁྱབ་པ་བརྗོད་དེ། བརྒྱུད་སྤེལ་གྱི་རྒྱུན་ཆད་ལ་ཉེ་བའི་གནད་དོན་སོགས་བཤད་ནས། བརྒྱུད་འཛིན་ཁུངས་ཀྱི་མི་སྣའི་གསང་བ་མན་ངག་གི་བརྒྱུད་སོགས་ཆད་ལ་ཉེ་བའི་གནད་དོན་སོགས་བརྗོད་ཡོད་པ་ཡིན། 
    དེ་དང་དེ་བས་བོད་གནམ་རིག་སྐར་རྩིས་རིག་པ་ལ་སྲུང་སྐྱོབ་དང་དར་སྤེལ་བཏང་ན་བོད་གསོ་བ་རིག་པའི་གཞུང་ལུགས་ལག་ལེན་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། བོད་རིགས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་མཐུན་རྐྱེན་དང་ཐོན་སྐྱེད་ངལ་རྩོལ་ལ་ཁ་ཕྱོགས་མི་དམན་པ་སྟོན་ཐུབ་པ་བཅས་ཀྱི་དགེ་མཚན་མང་པོ་ལྡན་པ་རེད། རྒྱུ་མཚན་དེ་དག་གིས་དབང་གིས་བོད་གནམ་རིག་སྐར་རྩིས་རིག་པ་འདི་རྒྱབ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་སྲུང་སྐྱོབ་ལས་གཞི་རུ་བཞག་སྟེ་མུ་མཐུད་འཕེལ་རྒྱས་དང་དར་སྤེལ་གཏོང་བར་དགོས་གལ་ཤིན་ཏུ་ཆེ།