སྲིད་ཇུས་བཟང་པོའི་དྲིན་ལས་སྐྱིད་ཀྱི་ཉི་མ་ཤར།

རྩོམ་པ་པོ།   པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2020-05-05   རྩོམ་ཁུངས།   

    ཨ་ཁུ་བསོད་རྣམས་ཚེ་རིང་ནི་འཇོལ་རྫོང་ཨ་གདོང་གྲོང་ཚོའི་གྲོང་མི་ཡིན་པ་དང་།ད་ལོའི་ལྔ་གཅིག་དུས་ཆེན་གྱི་ཉིན་འདིར་ཁོས་འཇོལ་རྫོང་དུ་སོང་ནས་རིག་ནུས་ཅན་གྱི་ལག་འཁྱེར་ཁ་པར་ཞིག་ཉོས་འདུག  ད་ལྟ་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ལ་སླེབས་པས་ཁོང་ཉིད་ད་ལོར་དྲ་ལམ་བརྒྱུད་ནས་དབྱར་རྩྭ་དགུན་འབུ་དང་བེ་ཤ་སོགས་བཙོང་རྩིས་ཡོད་པ་རེད།

    ཨ་ཁུ་བསོད་རྣམས་ཀྱིས་བཤད་ན་དེ་སྔོན་རང་གྲོང་ཚོར་ཁ་པར་གྱི་བརྡ་རྟགས་ཞན་པས་ཁ་པར་རྒྱབ་ན་ཁང་སྟེང་དུ་སོང་ནས་རྒྱག་པའམ་ཡང་ན་སྒེའུ་ཁུང་གི་མདུན་དུ་སོང་ནས་རྒྱག་པ།སྐབས་འགར་ཁྱིམ་མཚེས་ཚང་གི་སྒོ་མདུན་དུ་སོང་ནས་རྒྱག་དགོས་པ་སོགས་ཀྱི་དགོད་བྲོ་བའི་གནས་ཚུལ་གང་མང་ཞིག་བྱུང་འདུག

    ལོ་འདི་དག་གི་རིང་ལ་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག ཨ་གདོང་གྲོང་ཚོའི་གྲོང་མི་མང་ཆེ་བ་ལག་འཁྱེར་ཁ་པར་ཡོད་པ་དང་བརྡ་རྟགས་ཀྱང་ཤིན་ཏུ་བཟང་པས།ག་ས་གང་ནས་ཀྱང་ཁ་པར་གཏོང་ཆོག་པ་མ་ཟད།སྐད་འཕྲིན་དང་འདར་དབྱིངས།ཐད་གཏོང་སོགས་ཀྱང་རང་གྲོང་ཚོར་དར་ཁྱབ་ཧ་ཅང་ཆེ་ཟེར།

    དེ་སྔོན་ཁོ་ཚང་གི་དཔལ་འབྱོར་གྱི་ཡོང་འབབ་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་དང་བེ་ཤ ཕྱུགས་ཟོག་འགའ་ཤས་དང་ས་ཞིང་མུའུ་4ལ་བརྟེན་དགོས་པ་རེད།འཚོ་བ་ནི་དེ་འདྲ་བཟང་རྒྱུ་མེད།ད་ལྟ་ཁོང་ཚང་གི་བུ་མོ་ལྷ་མོས་འཇོལ་རྫོང་གི་གནད་སྨིན་དབུལ་སྐྱོར་གྱི་ལས་ཞུགས་གསོ་སྦྱོང་དུ་ཞུགས་ནས་ཟས་གཡོ་སྦྱོར་བྱེད་ཚུལ་སྦྱང་བ་དང་།ན་ནིང་ནས་བཟུང་འཇོལ་རྫོང་དུ་ཟ་ཁང་ནང་ཇ་མ་བྱེད་བཞིན་ཡོད་པ་དང་།མག་པ་སྐལ་བཟང་ཟླ་བ་ཡང་ལས་ཞུགས་གསོ་སྦྱོང་ལ་བརྟེན་ནས་རྐོ་འདྲུའི་འཕྲུལ་འཁོར་གཏོང་རྒྱུ་སྦྱང་བ་དང་།ཟླ་རེར་སྒོར་སྟོང་ཕྲག་གསུམ་བཞི་ཡི་ཁེ་ཕོགས་ལེན་ཐུབ་ཀྱི་ཡོད་པ་རེད།

    ད་ལྟའི་སྲིད་ཇུས་དངོས་སུ་བཟང་།དེ་སྔོན་རང་ཚང་གི་ཆ་རྐྱེན་མི་ལེགས་པར་བུ་མོ་ཆེ་བོར་སློབ་གྲྭར་བསྐྱལ་མ་ཐུབ།ད་ལྟ་རང་གི་དགའ་ཕྱོགས་ལྟར་གསོ་སྦྱོང་དུ་ཞུགས་ནས་ལག་རྩལ་སྦྱང་ཐུབ་སོང་།ཁོང་གི་ཚ་བོ་དང་ཚ་མོ་གཉིས་ཀྱང་རྒྱལ་ཁབ་ཀྱི་སློབ་གསོའི་ཁ་གསབ་ཡོད་པས།སློབ་གྲྭར་འགྲོ་རྒྱུ་དཀའ་ཁག་ཅུང་ཙམ་ཡང་མེད།གྲོང་མིའི་ཆ་རྐྱེན་ནི་ལོ་རེ་ལས་ལོ་རེར་བཟང་། ཚང་མ་སྲིད་ཇུས་བཟང་བོའི་དྲིན་རེད་ཅེས་བཤད་ཞོར་བསྟོད་པའི་མཐེ་བོང་ཡང་ཡང་བསྒྲེངས།

    ཨ་གདོང་གྲོང་དུ་གྲོང་མི་ཚོ་ཆུང་16ཡོད་པ་དང་།གནད་སྨིན་དབུལ་སྐྱོར་གྱི་ལས་ཞུགས་གསོ་སྦྱོང་བྱས་པ་བརྒྱུད་ལྷ་མོ་དང་སྐལ་བཟང་ཟླ་བ་ལྟར་ཕྱི་རོལ་དུ་ཞོར་ལས་སུ་སོང་བའི་མིའང་མང་བས།དཔལ་འབྱོར་གྱི་ཡོང་འབབ་ལོ་རེ་ལས་ལོ་རེར་བཟང་བ་དང་།གྲོའི་མིའི་བསམ་བློའི་འདུ་ཤེས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད།

    ད་ལྟའི་ཨ་གདོང་གྲོང་ཚོ་ནི་དེང་རབས་ཅན་གྲོང་ཚོའི་སྣང་བརྙན་ཤར་ཡོད་དེ། གཙང་ཞིང་གྲལ་དག་ལ།འགྲིམ་འགྲུལ་ཡང་སྟབས་ཧ་ཅང་བདེ།ཁྱིམ་ཚང་རེ་རེའི་སྒོ་འདུན་དུ་ཨར་འདམ་གྱི་ལམ་བུ་སྐྲུན་ཡོད་པ་དང་།རང་འབབ་ཆུའང་ཁྱིམ་ཚང་རེ་རེ་མཐེན་ཡོད།ཁྱིམ་ཚང་མང་ཆེ་བར་སྐུད་མེད་དྲ་བ་དང་རླངས་འཁོར་སོགས་ཀྱང་ཉོས་ཡོད་པས།གྲོང་མིའི་འཚོ་བ་ནི་ཉིན་རེ་ལས་ཉིན་རེར་བཟང་བ་རེད།