ཁྱེད་ཀྱིས་གཟུགས་པོ་འཁྲུ་སྟངས་འགྲིག་འདུག་གམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-30   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        1.ལུས་སྦྱོང་བྱས་རྗེས་ལམ་སེང་གཟུགས་པོ་འཁྲུ་མི་རུང་།    མི་མི་ཉུང་བ་ཞིག་གིས་ལུས་སྦྱོང་བྱས་ཚར་རྗེས་ལམ་སེང་གཟུགས་པོ་འཁྲུ་ཡི་ཡོད། དོན་དུ་ལུས་སྦྱོང་བྱས་ཚར་རྗེས་ཆུ་ཚ་པོས་གཟུགས་པོ་འཁྲུ་བའམ་རླངས་འཁྲུད་བརྒྱབ་ན། ཤ་གནད་དང་པགས་པའི་ནང་དུ་ཁྲག་རྒྱུག་འགྲོ་ཡི་ཡོད་པས། དབང་པོ་གཞན་ལ་ཁྲག་མི་འདང་བའི་སྣང་ཚུལ་ཐོན་སྲིད། ད་དུང་ལུས་སྦྱོང་བྱས་ཚར་རྗེས་དབུགས་འཚང་བས་མཁའ་རླུང་རྒྱུག་བདེ་པོ་མེད་པའི་འཁྲུ་ཁང་དུ་གཟུགས་པོ་བཀྲུས་ཚེ་གསོ་རླུང་མི་འདང་བར་མགོ་ཡུ་འཁོར་བ་དང་། གཟུགས་པོ་ཡོངས་ལ་ཤུགས་མེད་པ། ཐ་ན་ཟུངས་ཤོར་བ་དང་དྲན་པ་ཐོར་བ་སོགས་ཀྱི་ནད་རྟགས་ཐོན་སྲིད། དེས་ན་ལུས་སྦྱོང་བྱས་ཚར་རྗེས་ཡག་ཤོས་བྱུང་ན་སྐར་མ་30ནས་45ཙམ་སོང་རྗེས་གཟུགས་པོ་བཀྲུས་ན་ལེགས། 

        2.ཁ་ལག་བཟས་མ་ཐག་གམ་གྲོད་ཁོག་སྟོང་པར་གཟུགས་པོ་འཁྲུ་མི་ཉན། ཁ་ལག་བཟས་མ་ཐག་ལམ་སེང་གཟུགས་པོ་བཀྲུས་ཚེ་འཇུ་ལམ་གྱི་ཁྲག་འཁོར་སྐྱོད་ཡག་པོ་མི་ཐུབ་པས་ཟས་འཇུ་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཡང་གྲོད་པ་སྟོང་པར་གཟུགས་པ་བཀྲུས་ཚེ་ཁྲག་མངར་དང་ཀླད་པའི་ཁྲག་མི་འདང་བའི་དབང་གིས་དྲན་པ་ཐོར་ཉེན་ཡོད། བྱས་ཙང་ཁ་ལག་བཟས་ནས་ཆུ་ཚོད་གཅིག་སོང་རྗེས་གཟུགས་པོ་བཀྲུས་ན་ལེགས།

        3.གཟུགས་པོ་འཁྲུ་ཡུན་རིང་དྲགས་མི་རུང་།  གཟུགས་པོ་འཁྲུ་ཡུན་རིང་དྲགས་ན་དཀའ་ལས་ཁ་སླ་བ་དང་། ཀླད་པའི་ཁྲག་དང་། སྙིང་ཁྲག གསོ་རླུང་བཅས་མི་འདེང་བའི་སྣང་ཚུལ་ཐོན་སྲིད་པ་དང་། ཚབས་ཆེ་སྐབས་སྙིང་ཁ་འཕར་སྟངས་རྒྱུན་གཏན་དང་མི་འདྲ་བ་བྱུང་ནས་གློ་བུར་དུ་དབུགས་ཆད་ཉེན་ཡོད། དེར་བརྟེན་ཆུར་སྦངས་ན་སྐར་མ་20དང་ལངས་ནས་བཀྲུས་ཚེ་སྐར་མ་7ལྷག་ཙམ་ལས་སྡོད་རྒྱུ་མེད།