འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དེབ་ཕྲེང་གཉིས་པ་པར་སྐྲུན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-29   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་དཔེ་སྐྲུན་རོགས་དངུལ་གྱི་ལས་གཞིར་བཀོད་པའི་འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དེབ་ཕྲེང་གཉིས་པ་པོད་ཉེར་ལྔ་ཡོད་པ་དེ་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་དངོས་སུ་བསྐྲུན་ཏེ་འགྲེམ་སྤེལ་བྱས།དཔེ་ཚོམས་འདི་ནི2018ལོར་འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དེབ་ཕྲེང་དང་པོ་བསྐྲུན་པ་ནས་བཟུང་སྟེ་བོད་ཀྱི་དཔེ་རྙིང་ལེགས་སྒྲིག་དང་དཔེ་སྐྲུན་གྱི་བྱ་བའི་གྲུབ་འབྲས་གལ་ཆེ་བ་ཞིག་ཀྱང་ཡིན། ཉེ་ཆར་འབྲུག་ཆུའི་བོན་གྱི་དཔེ་དཀོན་བྲིས་མ་པོད་ལྔ་བཅུ་པར་དུ་བསྐྲུན།

 

        

        འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དེབ་ཕྲེང་གཉིས་པ་འདིའི་ནང་དུ་དཔེ་རྙིང་བམ་པོ280ལྷག་བསྡུས། དེ་ལས་མང་ཆེ་བ་སྲིད་པ་བོན་གྱི་དཔེ་རྙིང་ཡིན་པ་དང་གཡུང་དྲུང་བོན་གྱི་དཔེ་རྙིང་ཉུང་ཙམ་འདུགམཁས་དབང་དང་ཞིབ་འཇུག་པ་ཁག་ཅིག་གིས་དཔེ་རྙིང་འདི་དག་གི་ཡི་གེའི་ཁྱད་ཆོས་དང་འབྲི་ལུགས།ཡིག་མགོའི་མཚོན་རྟགས། བར་བཅུག་དཔེ་རིས་སོགས་ལ་གཞིགས་ནས་དུས་རབས་བཅུ་བ་ནས་བཅུ་གསུམ་པའི་བར་གྱི་དཔེ་དཀོན་ཕྱག་བྲིས་མ་ཡིན་པར་ཚོད་རྩིས་གནང་། དཔེ་རྙིང་གི་ནང་དོན་གཙོ་བོ་ལ་གསོལ་འདེབས་དང་གཏོར་བསྔོའི་སྐོར། སྐར་རྩིས་དང་མོ་ཡིག་གི་སྐོར།མཆོད་པའི་གཞི་བདག་གི་སྐོར། ལམ་སྟོན་གྱི་སྐོར། བླ་འགུག་གི་སྐོར། བགེགས་སྐྲོད་རིམ་གྲོའི་སྐོར་བཅས་རྣམ་པ་སྣ་ཚོགས་ཡིན་པ་དེས་བོན་གྱི་རིག་གནས་དང་བོད་ཀྱི་ལོ་རྒྱུས།སྤྱི་ཚོགས་འཚོ་བ། གསོ་བ་རིག་པ། བོད་ཀྱི་ཡི་གེའི་འཕེལ་ཚུལ་སོགས་འབུར་དུ་དོད་པོ་འདུགཡང་ཅིག་བཤད་ན། དཔེ་རྙིང་འདི་དག་གི་ཐོག་ནས་བོད་ཀྱི་མེས་པོ་རྣམས་ཀྱི་རྗེས་ཤུལ་ཟབ་མོ་འབོར་ཆེན་བཞག་པས་རིག་གནས་ཀྱི་རིན་ཐང་དཔག་ཏུ་མེད།

        འབྲུག་ཆུའི་བོན་གྱི་དཔེ་རྙིང་གི་མ་ཕྱི་དུས་རིམ་སྔ་ཞིང་ཤོག་ལྡེབ་སྤུས་ལེགས་དེ་ཇི་མ་ཇི་བཞིན་དུ་མངོན་པའི་ཕྱིར་ཚོན་ལྡན་གྱི་པར་དུ་བསྐྲུན་པ་ཡིན། ལོ་བརྒྱ་ཕྲག་འགའི་རིང་ལ་འབྲུག་ཆུ་ས་ཆའི་བོད་གྱི་ཁྱིམ་ཚང་རྣམས་ཀྱིས་དཔེ་རྙིང་འདི་དག་ཉར་བ་དང་མི་རབས་ནས་མི་རབས་བར་བརྒྱུད་པས་དེ་ཁྱིམ་རྒྱུད་ཅན། རྒྱུད་འཛིན་ཅན་གྱི་ཁྱད་ཆོས་མངོན་སྟབས། དཔེ་རྙིང་ལེགས་སྒྲིག་བྱེད་སྐབས་ཁྱིམ་ཚང་ཞིག་གིས་ཉར་བའི་དཔེ་རྙིང་རྣམས་དེབ་གཅིག་གམ་དུ་མར་བསྒྲིགས་ཡོད།དཔེ་རྙིང་འདི་དག་གི་ནང་ན་སྐུང་ཡིག་དང་སྐད་གསར་བཅད་སྔོན་གྱི་ཐ་སྙད་མང་བོ་བཀོད་ཡོད་པ་དང་དཀར་ཆག་སྒྲིག་ཚེ་ཐམས་ཅད་རང་སོར་བཞག་པའི་དབང་གིས་གང་ནུས་ཅི་ལྕོགས་ཀྱིས་དཔེ་རྙིང་གི་ནང་དོན་ཆད་ལུས་མེད་ཅིང་མ་ཕྱིའི་གདོད་མའི་རང་བཞིན་སྔར་མུས་སུ་འཛིན་པ་ཁག་ཐེག་བྱས།དེ་དང་ཆབས་ཅིག་ཏུ་དཔེ་ཚོགས་འདི་ནི་མ་ཡིག་གི་ཁ་བྱང་ལྟར་སྤྱིའི་དཀར་ཆག་དང་པོད་རེ་རེའི་ཡན་ལག་དཀར་ཆག་བསྒྲིགས་ཏེ་ཞིབ་འཇུག་པ་རྣམས་ཀྱིས་འཚོལ་བཤེར་དང་ཞིབ་འཇུག་གནང་རྒྱུར་སྟབས་བདེ་བཟོས།

        2018ལོའི་ཟླ7པར་ཧྲིན་ཀྲེན་གྲོང་ཁྱེར་དུ་དཔེ་དེབ་འགྲེམ་སྟོན་ཚོགས་འདུའི་སྟེང་ནས་འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དེབ་ཕྲེང་དང་པོའི་ཐོག་མའི་འགྲེམ་སྤེལ་མཛད་སྒོ་བསྡུས་རྗེས།བོད་རིག་པའི་ཁྱབ་ཁོངས་སུ་སྙན་གྲགས་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར། རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་ཆེན་མོ་དང་དཔེ་མཛོད་ཁང་། བོད་རིག་པའི་ཞིབ་འཇུག་ཁང་གིས་དཔེ་ཚོམས་འདི་ཉར་ཞིང་ཡིག་ཚང་གི་རིན་ཐང་བྲལ་བ་ཞིག་ཏུ་བརྩིས།ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་བལྟས་ན།འབྲུག་ཆུར་རྙེད་པའི་སྲིད་པ་བོན་གྱི་དཔེ་དཀོན་འདི་ཚོ་ལ་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་མཆིས་པ་ནི་ནང་བསྟན་གྱི་ཤུགས་རྐྱེན་ཧ་ལམ་གང་ཡང་ཐེབས་མེད་པ་སྟེ། ནང་བསྟན་རྒྱ་ཆེར་མ་དར་བའི་གོང་དུ་ཐུ་བྷོད་ཀྱི་དཔེ་རྙིང་ལ་གཞིགས་ནས་བཤུ་བྲིས་བྱས་པ་ཡིན་པས། འབྲུག་ཆུའི་བོན་གྱི་དཔེ་རྙིང་གི་བརྗོད་བྱ་དང་སྐད་བརྡ་མ་ལག་སྔར་ཡོད་ཀྱི་ཉམས་འགྱུར་འཛིན་ཞིང་མདོ་དབུས་མཐོ་སྒང་གི་ཡ་ཐོག་ཤེས་རིག་ཀྱང་རྒྱུད་འཛིན་བྱས་ཡོད།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་འགོ་གཙོ་སྔ་མ་རྒྱལ་མོ་འབྲུག་པ་ལགས་ཀྱིས་དཔེ་ཚོམས་འདི་ནི་ཤོག་ལྡེབ་མཛེས་ཤིང་དུས་རབས་སྔ་མའི་བོད་ཀྱི་དཔེ་རྙིང་ཡིན་ལ།འདི་ལས་བོད་ཀྱི་ཡ་ཐོག་གི་ལོ་རྒྱུས་དང་སྤྱི་ཚོགས། སྐད་ཡིག་དང་སྲོལ་རྒྱུན་བཅས་བསྡུས་པའི་རིག་མཛོད་གཅིག་ལས་གཉིས་མེད་ཅིང་། དེས་བོད་རིག་པ་ཞིབ་འཇུག་སྐོར་གྱི་ཡིག་ཚང་ཆ་ཚང་དུ་སྐོང་ཐུབ་པས་ཡིག་ཚང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་དཔག་ན་དཀའ་ཞེས་གདེང་འཇོག་ཚད་མཐོ་གནང་།

        གཙོ་སྒྲིག་པ་བློ་གསལ་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན།འབྲུག་ཆུ་ནས་བོན་གྱི་དཔེ་རྙིང་གྱ་ནོམ་པ་རྙེད་པ་ནས་ད་ལྟའི་བར། ལོ་དྲུག་གི་རིང་དུ་འབྲུག་ཆུ་རྫོང་གི་ཀླུ་རྩེད།ཧན་པན། འཕེན་ཏེན། ཧྥུན་ཏའེ། ཆུ་འགོ་ནང་། བོད་ཡུལ། གོང་སྨད། ཚ་སྒང་དང་སྦྲ་རྫོང་སོགས་ཀྱི་སྡེ་བ་ཉི་ཤུ་ཙམ་དུ་སོང་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས་ཏེ་བོན་གྱི་དཔེ་རྙིང་པོ་ཏི230ལྷག་སྟེ་བསྡོམས་པས་བམ་པོ2900ལྷག་དང་ཤོག་ལྷེ46500ལྷག གཞན་ཡང་བགེགས་སེལ་རི་མོ100ལྷག་དང་མཆོད་བྱད40ལྷག བོན་གྱི་ཐང་ག 3བཅས་བསྡུས་ཡོད། དཔེ་ཚོམས་འདི་འཚོལ་བཤེར་དང་དག་བསྒྲིགས།པར་བསྐྲུན་བྱས་པའི་ཁྲོད་དུ་མཐོ་ས་རྒྱལ་ཁབ་དང་དམའ་ས་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་གནང་བས་དེབ་ཕྲེང་དང་བོ་དང་དེབ་ཕྲེང་གཉིས་པ་སྔ་གཞུག་ཏུ་ཀློག་པ་པོ་རྣམ་པའི་སྤྱན་སྔར་འབུལ་ཐུབ་པ་བྱུང་ཡོད།དཔེ་ཚོམས་འདིའི་དེབ་ཕྲེང་གསུམ་པ་དང་དེབ་ཕྲེང་བཞི་བའི་དཔེ་རྙིང་ལེགས་སྒྲིག་བྱས་ནས་པར་སྐྲུན་བྱེད་ལ་ཉེ་ཡོད།

        དཔེ་རྙིང་བྲིས་མ་འདི་དག་མཐོང་དཀོན་ཞིང་།དེས་བོད་ཀྱི་ཡ་ཐོག་ཤེས་རིག་གི་འཕེལ་འགྱུར་བདེན་དཔུང་བྱས་པ་དང་། བོད་ཀྱི་གནའ་བོའི་སྤྱི་ཚོགས་ལ་ཞིབ་འཇུག་བྱས་པར་དཔྱད་ཡིག་གི་མཛོད་ཁང་ལྟ་བུ་ཡིན།ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་དཔེ་རྙིང་འདི་དག་འཚོལ་བསྡུ་དང་དག་སྒྲིག  པར་སྐྲུན་དང་ཞིབ་འཇུག་བྱས་ན། བོད་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པ་མ་ཟད།ད་དུང་རྨད་དུ་བྱུང་བའི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ནོ།།