བོད་ཀྱི་གསོ་རིག་ལས་བད་སྨུག་ནད་གཞི་ལ་བརྟག་ཚུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-28   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        བད་ཀན་སྨུག་པོ་ཞེས་པ་ནི་རླུང་མཁྲིས་བད་ཀན་གསུམ་མཉམ་དུ་འདུས་པའི་ནད་མཚོན་བྱེད་ཀྱི་མིང་སྟེ། ནད་ཀྱི་རྒྱུ་དང་རང་མདོག་ལ་ལྟོས་ནས་བཏགས་པའི་ནད་ཀྱི་མིང་ཡིན། མཚོན་བྱ་རྒྱུ་ཡི་འདུས་པ་ཉེས་གསུམ་དང་ཁྲག་ཆུ་སེར་བཅས་ཀྱི་རྒྱུའི་རང་བཞིན་འདུས་པར་གྱུར་པའི་ནད་ཞིག་ཡིན། གཞན་བྱུང་ཚུལ་དུས་ཀྱི་སྒོ་ནས་འདུས་པ་དང་། འདུ་བ་འཁྲུགས་པའི་སྒོ་ནས་འདུས་པ་བཅས་ལ་བརྟགས་དགོས་པ་ཡིན། སྤྱིར་བད་ཅེས་ཆུ་ཡི་ཁམས་དང་ཀན་ཞེས་ས་ཡི་ཁམས་ཀྱི་མིང་ཡིན་པས་ཐོག་མར་ནད་འདི་ས་ཆུའི་ཁམས་འཕེལ་ཏེ་མ་ཞུ་བ་ཤས་ཆེ་བར་འབྱུང་བའི་བད་ཀན་ཡིན། མཚོན་བྱེད་ནད་ཁམས་ཀྱི་རང་མདོག་སྔོ་སེར་དཀར་དམར་སོགས་འདྲེས་པས་ན་སྨུག་པོ་མདངས་སུ་ཤར་བས་ན་སྨུག་པོ་ཞེས་མཚོན་བྱེད་ཀྱི་མིང་དུ་བཏགས། དེ་ལྟར་རང་བཞིན་རྒྱུའི་འདུས་པ་མཚོན་བྱེད་ལ་བད་ཀན་སྨུག་པོ་བཏགས་པ་ནི་མཚོན་བྱེད་མིང་ལ་བརྟེན་ནས་མཚོན་བྱ་ནད་ཤེས་པར་འགྱུར་བ་ཡིན། རྒྱུད་ཆུང་ལས། དེ་ལས་དང་པོ་སྨུག་པོ་རྒྱས་པ་ནི། ཕོ་བ་མཆིན་པ་རྒྱུ་མ་ལོང་བཞི་རྒྱུ།བད་ཀན་ཁྲག་མཁྲིས་རླུང་དང་བསྡོངས། ཁ་དོག་དུད་ཁུར་གྱུར་པས་སྨུག་འདོག། ཅེས་གསུངས་པ་དང་། ཟིན་ཏིག་གཅེས་བསྡུས་ལས། ངོ་བོ་བད་ཁྲག་རྣམ་པ་གཉིས། འདྲིས་པའི་དྲོད་ཀྱིས་རུལ་བ་ཡིན། ཞེས་གསུངས་པ་ལྟར་དེ་ནི་བད་ཀན་ཁྲག་དང་འདྲིས་པ་རླུང་སོགས་རྒྱུ་རྐྱེན་རང་བཞིན་ཀྱིས་གྲུབ་པའི་འདུས་ནད་ཅིག་ཡིན་པ་རྒྱུན་མཐོང་མང་བ་དང་། ནད་རྟགས་མངོན་ཚུལ་རྙོག་འཛིན་ཆེ་བ། ནད་ཡུན་རིང་བ། བཅོས་བསྐྱེད་དཀའ་བའི་ནད་ཅིག་ཡིན་པས། རྒྱུད་ལས། ཁོང་ནད་ཕལ་ཆེར་སྨུག་པོས་རྒྱུ་ཡིས་བསྐྱེད་། མི་མཁས་རྨོངས་པས་དུག་ཏུ་འཛིན་པ་ཡོད། ལ་ལས་ཚ་བ་ལ་ལས་གྲང་བར་འཛིན་པ་ཡོད། ལ་ལས་ས་བདག་མངོན་དུ་འཛིན་པའང་ཡོད། དེ་ཕྱིར་སྨུག་པོའི་ནད་ལ་བྱ་ར་སྒྲིམས། །ཞེས་གསུངས་པ་ལྟར་རོ།།

1. རྒྱུ་ནི།

        རླུང་མཁྲིས་བད་ཀན་ཁྲག་བཅས་བཞི་ཡིན་ལ་དེ་བཞི་འདུས་ཤིང་ཆ་ཆེ་ཆུང་དང་འཕེལ་ཟད་འཁྲུགས་པ་སོགས་བྱེད་པ་ཡིན་ཏེ།རྒྱུད་ཆུང་ལས། དེ་ལས་དང་པོ་སྨུག་པོ་རྒྱས་པ་ནི། ཕོ་བ་མཆིན་པ་རྒྱུ་མ་ལོང་བཞིར་རྒྱུ། བད་ཀན་ཁྲག་མཁྲིས་རླུང་དང་མ་ཞུ་བས། བད་ཀན་རྒྱུས་བསྐྱེད་ཁྲག་མཁྲིས་རླུང་དང་བསྡོངས། ཁ་དོག་དུད་ཁུར་གྱུར་པས་སྨུག་པོར་འདོད། ཅེས་དང་། རང་རྒྱུད་ལས། རྒྱུ་ནི་བད་ཀན་ཁྲག་མཁྲིས་རླུང་དང་བཞི། ནད་ཀུན་འདུས་ཕྱིར་འདུས་ནད་རྟགས་བཅོས་དཀའ། ཞེས་སོ། སྐབས་འདིར། ནད་རྒྱུ་གཙོ་བོ་བད་ཀན་དང་ཁྲག་ཡིན་པས། སྤྱིར་ཁྲག་ནི་ལུས་ཟུངས་ཡིན་རུང་ནད་ཀྱི་རྒྱུ་རུ་འགྱུར་ཏེ། ཡན་ལག་བརྒྱད་པ་ལས། ཉེས་པ་གཞན་ལྟར་ཁྲག་དག་ནི། གཞན་གྱི་དབང་གིས་ཉེས་མིན་ཀྱང་། ཏེ་ནི་ཏིལ་མར་ཚིག་པ་ལྟར། ནད་ཀྱི་རྒྱུ་རུ་བཞག་པ་ཡིན། ཞེས་གསུངས་པ་ལྟར་ཡིན་ནོ། །

2. རྐྱེན་ནི།

        ཚ་རྐྱེན་དང་གྲང་རྐྱེན་གཉིས་ལས། ཚ་རྐྱེན་ནི་ཚ་བ་འགྲམས་པའི་ཁྲག་ངན་ནང་དུ་རྒྱས་ནས་ལྷག་པ་དང་། མཚོན་སོགས་ཀྱིས་བརྡབ་པས་ཁྲག་ནང་དུ་ལུས་པ། གཏར་གྱིས་མ་འདྲོངས་པ་མཆིན་སྟེང་དུ་ལྷུང་དང་། ཡང་ན་ཆང་རག་དང་ཁ་ཚ་བའི་ཟས་རིགས་སོགས་ཚ་སྐྱུར་གྱི་རིགས་བསྟེན་དྲགས་པས་ཁྲག་ངན་འཕེལ་བས་མཆིན་པར་རྒྱས་ཤིང་། རིམ་པ་བཞིན་ཕོ་བ་དང་། རྒྱུ་མར་ལོང་བཅས་དུ་ལྷུང་བའམ། ཡང་ན་མཆིན་ཁྲག་རྒྱས་པ་ཟུངས་སུ་གྱུར་པ་ཕོ་བར་ལྷུང་བས་བད་ཀན་གྱི་བེ་སྣབས་འཕེལ་བ་དང་འདྲེས། རྒྱུ་མར་ལྷུང་བས་མཁྲིས་པར་འདྲེས་པ་ཁ་དོག་དུད་ཁུར་གྱུར། དེ་ཉིད་ཀྱི་རྒྱུ་ཁྲག་དང་བད་ཀན་འདྲེས་པ་ཡོངས་སུ་གྱུར་པས་ལོང་དུ་གནས་པས་རླུང་གིས་བུ་ག་རྣམས་སུ་གཏོར་ནས་རང་གནས་སུ་བབས་པ་ལ་སྨུག་པོ་ཡས་བབས་ཞེས་ཚ་རྐྱེན་ལས་གྱུར་པ་ཡིན། ཁ་ཟས་འཇུ་དཀའ་བའི་རིགས་དང་མི་འཕྲོད་པའི་ཟས་སྐོམ་རིགས་བསྟེན་དྲགས་པ།ཟས་ཚོད་མ་ཟིན་པ། ཚད་ལས་བརྒལ་བ་དུས་མིན་ཟོས་པ་སོགས་ཕོ་བར་མ་ཞུ་བས་བེ་སྣབས་འཕེལ། ཕོ་བའི་གནས་སུ་མཁྲིས་པ་འཇུ་བྱེད་དང་རླུང་མེ་མཉམ་གཉིས་ཀྱི་མཐུ་ཉམས་པས་དྭངས་སྙིགས་མ་བྱེད་པར་མཆིན་པའི་གནས་སུ་ཤོར་བ་ཟུངས་སུ་མ་གྱུར་པ་ཁྲག་ངན་རྒྱས་ཏེ་ཕོ་བར་ལྷུང་བ་ལ་སྨུག་པོ་མས་ཆགས་ཞེས་གྲང་རྐྱེན་ལས་འགྱུར་བ་ཡིན་ནོ། །

3. དབྱེ་བ་ནི།

        གནས་དང་། དུས་དང་། རིགས་བཅས་གསུམ་དུ་དབྱེ་ལས་གནས་ནི། རང་གནས་དང་། གཞན་གནས་གཉིས་ཡོད་པ་ལས།རང་གནས་རང་རྒྱུད་ལས། རང་གནས་ཕོ་མཆིན་རྒྱུ་ལོང་རྣམ་བཞི་ཡིན། ཞེས་འདུས་པ་ཀུན་ལ་ཁྱབ་མོད། འོན་ཀྱང་རྒྱུད་བཞིའི་རང་གནས་སུ་བཞན་པ་ནི་གཙོ་ཆེར་སྨུག་པོ་ན་ཡུལ་གྱི་དབང་དུ་བྱས་པ་ ཡིན་ཏེ། བཤད་རྒྱུད་ལས། གནས་ས་ལས་ཁྱབ་གྱུར་ཀྱང་སྙིང་ག་དང་། ལྟེ ་བའི་འོག་བར་སྟེང་ནས་མས་རིམ་གནས། ཞེས་གསུངས་པ་ལྟར། ཉེས་གསུམ་གྱི་གནས་ལྟར་གསུངས། གཉིས་པ་གཞན་གནས་ལ་ཕྱི་བྱེར་དང་ནང་བྱེར་བ་གཉིས་ཡོད། ཕྱིར་གནས་ཤར་རྒྱས་པགས་ལ་གྲམས་པ་གཉིས། ཆུ་སེར་གྱི་རྟགས་བཅོས་འདྲ། རྩར་ཕྱེར་དང་དུག་དང་ཚིགས་བབས་གྲུམ་བུའི་རྟགས་བཅོས་འདྲ། ནང་བྱེར་སྲོག་རྩར་འབྲེལ་བའི་ལམ་བརྒྱུད་ནས་སྲོག་རྩའི་ཁྲག་དང་བསྡོངས་ན་སྲོག་རྩ་་དང་སྒལ་ཚིགས་བར་འབྲེལ་བས་ན། སྲོག་རྩ་དེ་ལས་གྱེས་བའི་རྩེ་ནག་གཉིད་ལོག་བརྒྱུད་ནས་མགོ་ལ་འཕྱུར་བས་མགོ་བོ་ན། དེ་བཞིན་དོན་ལྔའི་རྩ་དང་འབྲེལ་བའི་གློ་སྙིང་མཆེར་མཁལ་སོགས་ཀྱི་ནད་བསྐྱེད་པས་སྨུག་པོའི་གནས་ལ་རྣམ་གྲངས་བཅུ་གསུམ་ཡོད་དོ། །

དུས་ཀྱིས་དབྱེ་བ་ནི།

        འདས་མ་འོངས་ད་ལྟ་གསུམ་གྱི་དུས་ལ་དང་པོ་ཚ་བའི་དུས།བར་དུ་ཚ་གྲང་འཐབ་པའི་དུས། ཐ་མར་གྲང་བ་ལྷིང་ཆད་པའི་དུས་བཅས་གསུངས་ཏེ། དང་པོ་སྨུག་པོ་ཚ་བ་སྐྱེ་བ་ཁྲག་མཁྲིས་གཉིས་ཀྱི་སྟོབས་འཕེལ་ནས་ནད་རྒྱས་པ་ཚ་བའི་དུས་གྲང་བ་སྐྱེས་པ་ན་རང་གནས་སུ་གབ་པ་དང་། བར་དུ་ཁྲག་མཁྲིས་ཀྱི་དུས་སུ་ཚ་བ་ལ་བད་རླུང་དུས་སུ་གྲང་བ་ཡིན་པས་དེ་གཉིས་ཤེད་སྙམས་པར་གནས་པས་ཚ་གྲང་འཐབ། ཐ་མར་ཁྲག་མཁྲིས་ཀྱི་ཚ་བའི་སྟོབས་ཀུན་ཟད་ནས་བད་རླུང་གཉིས་རྒྱས་པས་གྲང་བའི་ནད་དུ་འགྱུར་བ་ཡིན་ནོ། །

རིགས་ཀྱི་དབྱེ་བ།

        བཤད་རྒྱུད་ལས། སྨུག་པོ་བྱེར་རྒྱས་རྡོལ་རལ་འགྱིངས་པ་དང་འདྲིལ་གབ་འཐབ་འོར་ལྷུང་གྲང་བ་ལྷིང་ཆད་བཅུ། ཞེས་མ་ཞུ་བའི་རྒྱུ་ལས་བསྐྱེད་པའི་འབྲུས་གཅོང་ནད་གསར་བའི་རིགས་ལ་སྨུག་པོ་རྣམ་གྲངས་བཅུ་གསུངས། མན་ངག་རྒྱུད་ལས། སྨུག་པོའི་རིགས་ལ་བྱེར་རྒྱས་འགྱིངས་འདྲིལ་བཞི། བྱེ ར་ལ་ཕྱི་བྱེར་བ་དང་ནང་བྱེར་གཉིས། སྨུག་པོ་རྒྱས་ལ་རྡོལ་དང་མ་རྡོལ་གཉིས། སྨུག་པོ་འགྱིངས་ལ་གབ་དང་མ་གབ་གཉིས། སྨུག་པོ་འདྲིལ་ལ་གསར་དང་རྙིང་པ་གཉིས། ཞེས་གསུངས་སོ།

4. རྟགས་ནི།

        སྤྱི་དང་བྱེ་བྲག་གཉིས་ལས། སྤྱི་རྟགས་ནི་རྒྱུད་ལས། སྤྱི་ལ་རྩ་ཆུ་ནད་རྟགས་ལོ་མ་གསུམ། །ཕན་གནོད་བསྟེན་པའི་སྒོ་ནས་བརྟགས་པ་བཞི། །ཞེས་དང་བྱེ་བྲག་གནས་ཡུལ་དུས། ནད་རིགས་སྒོ་ནས་བརྟགས་པ་བཅས་ཡིན་དགོས་ཏེ། དྲི་མ་སྨུག་ལ་སྐམ་ཞིང་ཤ་རིལ་འདྲ། །ཞེས་སྨུག་པོ་མི་འགྱུར་བའི་རྟགས་གཙོ་བོ་ཡིན། 1.རྩ་ལ་བརྟགས་པ། འཕར་རྩའི་རྒྱུ་བ་སྦོམ་ཁོངས་ཡིན་ལ། ཀན་རྩ་གཉིས་ཞར་བ་དང་། གྲ ང་རྐྱེན་གྱིས་བསྐྱེད་པ་ཡིན་ན་ཕལ་ཆེར་ཕྲ་ལ་ཞན་པ་འབྱུང་། 2. ཆུ་ལ་བརྟག་པ། ཆུ་མདོག་སྨུག་པོ་དང་དྲི་ཆེ་ཞིང་དུགས་པ་མདོག་མི་གསལ་བ་རོ་སྐ་ལ་རྙོག་མ་ཅན། ཡང་ན་དམར་པོའམ་སྨུག་པོ་ལྗང་བུ་སོགས་འབྱུང་ཡང་སྲིད། 3. ན་ལུགས་ཕོ་མཆིན་ན་ཞིང་རོ་སྟོད་མདུན་རྒྱབ་སྦྲགས་ནས་ན། ལུས་བྱི ང་ལྕི་ལ་བྱིན་པ་མི་ཐེག་སྒལ་ཚིགས་ན། དང་ག་མི་བདེ་ལྕེ་རོ་ཆེར་མི་གསལ་བ་རླན་བག་ཅན། ཁྱད་པར་དུ་མི་ནོར་བའི་རྟགས། ཆུ་ཡི་དྲི་ལ་ཀ་ཤའི་དྲི་བྲོ། བྲ ང་ཚ་སྐྱུག་སྙམ་བྱེད་ཅིང་སྐྱུག་དཀའ། ཁོག་པ་ཚ་ལ་མགོ་དང་མིག་རུས་ན། རུལ་ནས་གྲང་རྗེས་གླང་ཐབས་ལྟ་བུའི་ན་ཟུག་སྐྱེ། དྲི་མ་སྨུག་ལ་སྐམ་པ་ཤ་བའི་རུལ་མ་འདྲ་བ་འབྱུང་། སྐབས་འགར་ཁྲག་འདྲེས། ལྟོ ་བ་འགྲངས་ཀྱང་ན་ལྟོགས་ཀྱང་ན། ནམ་ཟླ་དང་གོས་སོགས་གྲང་ན་ལྷག་པར་དུ་ན། སྐབས་ལ་ལར་དྲོས་ཚེ་ཡང་ན། དེ་དག་ལ་མི་ལྟོས་པར་དོན་མེད་དུས་ན། ཕལ་ཆེར་སྟོན་དཔྱིད་ཀྱི་དུས་ན་ལྡང་བས་ན་བར་བྱེད། དང་པོ་ནད་འཇུག་པའི་དུས་ཆུ་ཚན་དང་ཆུ་སྐྱུར་སྐྱུག བར་དུ་ནད་སྨིན་པའི་དུས་འདྲེས་པ་འདྲ་བ་སེར་པོ་དང་རྒྱ་ཚོས་ལྟ་བུ་བཤལ་བ་དང་སྐྱུག་པར་བྱེད། ཐ་མར་རྒྱས་པའི་དུས་ན་ཁྲག་རུལ་དུད་ཁུ་འདྲ་བར་སྐྱུག་པའོ། ཕན་གནོད་ཀྱི་ཁྱད་པར། གནོད་ཟས་ཤ་དང་མར་རྙིང་རུལ་སུངས་ཅན། ཆང་སྐྱུར། སྒོ ག་སྐྱ། ཞོ་མ་ལོངས་པ་སོགས་མདོར་ན་སྣུམ་ཞིང་ལྕི་བའི་ཟས་དང་ཡང་ན་བསིལ་དྲགས་པ་སོགས་ཀྱིས་གནོད་དོ། །ཕན་ཟས་ནི་ཤ་གསར་དང་། འབྲུ་རྙིང་རིགས་སྲན་མ་ར་དང་མཛོ་མོའི་ཞོ་དར།ཉ་ཕག་གི་ཤ་སོགས་མདོར་ན་ཟས་སྐོམ་ཡངས་ལ་རྩུབ་པ། བསིལ་དྲོད་སྙོམས་པའི་རིགས་འཕྲོད་པར་ཡོང་ངོ་། །