ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་ཤར་གཏོང་ཐུབ་ནས་ལོ25འཁོར་བའི་འཕོ་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-28   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཟླ4པའི་ཚེས28ཉིན་བོད་ལྗོངས་ཆབ་མདོ་དམངས་སྤྱོད་མཁའ་འགྲུལ་བར་མཚོན་ན་སྤྱིར་བཏང་མིན་པའི་ཉིན་མོ་ཞིག་རེད། 2020ལོའི་དུས་ཚིགས་དང་པོར་ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་གིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས59820ཟིན་པ་དེ1995ལོའི་ལོ་ཧྲིལ་པོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དང་བསྡུར་ན་ལྡབ7.8འཕར་ནས་ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་ཤར་གཏོང་ཐུབ་ནས་ལོ25འཁོར་བར་ལག་སྐྱེས་ཆེན་པོ་ཞིག་ཕུལ་བ་རེད།

        1995ལོའི་ཟླ4པའི་ཚེས28ཉིན། 757རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་སྤང་མདའ་གནམ་གྲུ་ཐང་དུ་བབས་པ་དེས་ཁྲེང་ཏུའུ་ནས་ཆབ་མདོ་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད།  སྤང་མདའ་གནམ་གྲུ་ཐང་ནས་ཆབ་མདོ་གྲོང་ཁྱེར་བར་སྤྱི་ལེ126ཡོད་པས་དེ་ནི“འཛམ་གླིང་ཐོག་གྲོང་ཁུལ་དང་བར་ཐག་ཆེས་རིང་བའི”དམངས་སྤྱོད་གནམ་གྲུ་ཐང་ཡིན་པ་དང་། “འཛམ་གླིང་ཐོག་གནམ་གཤིས་ཆེས་སྡུག་པའི”དམངས་སྤྱོད་གནམ་གྲུ་ཐང་། འཛམ་གླིང་ཐོག་རྒྱུག་ལམ་རིང་ཤོས་ཀྱི་གནམ་གྲུ་ཐང་གི་གྲས་ཡིན།

        2012ལོའི་ཟླ5པའི་ཚེས3ཉིན་བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལྷ་ས་ནས་ཆབ་མདོ་བར་གྱི་མཁའ་ལམ་བདེ་བླག་ངང་ཤར་གཏོང་ཐུབ་ནས་ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་ཤར་གཏོང་ཐུབ་ནས་ལོ17རིང་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་གཅིག་པུས་གཉེར་སྐྱོང་བྱས་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། 2014ལོའི་ཟླ4པའི་ཚེས1ཉིན་བོད་ལྗོངས་མཁའ་འགྲུལ་གྱིས་ཆབ་མདོ་ནས་ཁྲུང་ཆིང་བར་གྱི་མཁའ་ལམ་ཤར་གཏོང་བྱས་པ་རེད།

        སྤང་མདའ་གནམ་གྲུ་ཐང་གི་རྒྱུག་ལམ་ལ་གཏོར་སྐྱོན་ཕོག་ཚད་ཇེ་ཆེར་སོང་བ་དང་འཕུར་སྐྱོད་ཁུལ་གྱི་སྒྲིག་བཀོད་སྒྲིག་ཆས་ཀྱིས་ལས་རིགས་ཀྱི་དགོས་མཁོ་སྐོང་མ་ཐུབ་པས2015ལོའི་ཟླ10པར་སྤང་མདའ་གནམ་གྲུ་ཐང་གི་འཕུར་སྐྱོད་ཁུལ་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི་སྤེལ་འགོ་ཚུགས་པ་རེད། ལས་གཞི་དེས2025ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི30ཟིན་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན2200ཟིན་པའི་བླང་བྱ་ལྟར་འཕུར་སྐྱོད་ཁུལ4Cཚད་གཞི་ལྟར་བསྐྲུན་པས་ལས་གཞིར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར8.49བཏང་བ་རེད།

        2017ལོའི་ཟླ10པའི་ཚེས28ཉིན་གསར་དུ་བསྐྲུན་པའི་སྨི4500×45ཟིན་པའི་རྒྱུག་ལམ་བེད་སྤྱོད་བྱས་པ་དེ་སྤང་མདའ་གནམ་གྲུ་ཐང་འཕེལ་རྒྱས་ལོ་རྒྱུས་ཐོག་དམིགས་བསལ་དོན་སྙིང་ལྡན་པའི་དཔེ་མཚོན་དོན་ཆེན་ཞིག་ཏུ་གྱུར་པ་དང་། དེས་སྤང་མདའ་གནམ་གྲུ་ཐང་གི་མཁའ་ལམ་དྲ་རྒྱ་དང་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་ཚད་སྔར་བས་ཆེ་རུ་ཕྱིན་པ་དང་ས་ཁུལ་གྱི་དཔལ་འབྱོར་ནུས་པ་ཆེ་རུ་གཏོང་བ་དང་ས་ཁུལ་གྱི་ཐོན་ལས་བཀོད་པ་ལེགས་སུ་གཏོང་བ་སོགས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་མཚོན།

        2018ལོའི་ཟླ10པའི་ཚེས28ཉིན་ཆབ་མདོ་ནས་ཞི་ཨན་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ་དང་། 2019ལོའི་ཟླ1པའི་ཚེས26ཉིན་ནུབ་རྒྱུད་མཁའ་འགྲུལ་དང་ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་གིས་མཉམ་འབྲེལ་བྱས་ནས་ཆབ་མདོ་ནས་ཁྲུང་ཆིང་བར་གྱི་དུས་གཏན་གནམ་གྲུ་ཤར་གཏོང་བྱས་པ་རེད། ཉེ་བའི་ལོ་ལྔའི་རིང་། སྤང་མདའ་གནམ་གྲུ་ཐང་གི་སྤྱིའི་སྐྱེལ་འདྲེན་བྱེད་ཚད་ཐེངས15007ཟིན་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས1443989ཟིན་པ། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན5471.1ཟིན་ཡོད་པ་རེད།

 

        1995ལོ་ནས2020ལོའི་བར་བདེ་འཇགས་ངང་འཕུར་སྐྱོད་བྱས་ནས་ལོ25སོང་རིང་ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་གིས་ཉམས་པ་མེད་པའི་ལེའུ་ཞིག་བརྩམས་ཡོད། ལོ25ཡི་རིང་དཀའ་སྤྱད་འབད་བརྩོན་དང་། ལོ25ཡི་འབད་འབུངས་མདུན་སྐྱོད། ལོ25ཡི་སེམས་ཐུན་སྟོབས་སྒྲིལ་བཅས་བྱས་པ་དང་། སྤང་མདའ་གནམ་གྲུ་ཐང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་དཀའ་ངལ་ཁྱད་བསད་ཀྱིས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་མཁའ་འགྲུལ་འགག་རྩ་གལ་ཆེན་ཞིག་ཏུ་གྱུར་ཡོད།

        དམངས་སྤྱོད་མཁའ་འགྲུལ་ཆབ་མདོ་ས་ཚིགས་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཡུང་ཀྲུང་གིས“ཆབ་མདོ་གྲོང་ཁྱེར་གྱི་སྤྱི་ཚོགས་དཔལ་འབྱོར་དང་མཁའ་འགྲུལ་ས་ཚིགས་ཡོངས་ཀྱི་མགྱོགས་མྱུར་འཕེལ་རྒྱས་ཀྱི་དགོས་མཁོ་ལ་འཚམ་པ་བྱ་ཆེད། མ་འོངས་པའི་ལོ5ཡི་ནང་ཆབ་མདོའི་སྤང་མདའ་གནམ་གྲུ་ཐང་གིས་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི1.2ཡོད་པའི་གནམ་གྲུ་ཐོག་ཁང་དང་ས་ཚུགས་ཀྱི་གནམ་གྲུའི་སྡོད་གནས5རྒྱས་སྐྲུན་བྱ་རྒྱུ་དང་། ལན་ཀྲོའུ་དང་ཟི་ལིང་། ཁུན་མིང་བཅས་ཀྱི་མཁའ་ལམ་ཤར་གཏོང་བྱ་རྒྱུ་རེད། སྐབས་དེ་དུས་ཆབ་མདོའི་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ཡུལ་སྐོར་བ་སྔར་བས་མང་བར་ཕན་པ་ཐོབ་རྒྱུ་ཡིན་ཟེར། །