བོད་ལྗོངས་ཀྱི་དཔེ་རྙིང་རྩ་ཆེན་དྲ་ཐོག་ནས་ལྟ་ཀློག་བྱེད་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-27   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        སྤྱི་ཟླ4བའི་ཚེས25ཉིན།  རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་སྤྲིན་ཚོམས་མཉམ་སྤྱོད་ཅེས་པའི་ནང་ཉར་ཚགས་ཐོག་མར་བྱས་པའི་དཔེ་རྙིང་དག་དྲ་ཐོག་ནས་དངོས་སུ་འགྲེམ་སྟོན་ཚོད་ལྟ་གཉེར་སྐྱོང་བྱེད་འགོ་བཙུགས་པའི་ཐོག་ནས།  བོད་ལྗོངས་འདི་ཉིད་དཔེ་རྙིང་སྤྲིན་ཚོམས་ལྟ་ཀློག་གི་དུས་རབས་སུ་སླེབས་པ་མཚོན་ཡོད།

        ད་ཐེངས་དྲ་ཐོག་ནས་ཁག་དང་པོར་བལྟ་ཀློག་ཚོད་ལྟ་གཉེར་སྐྱོང་བྱས་པའི་དཔེ་རྙིང་པོད50དང་ཤོག་གྲངས6581ཡོད་ཅིང༌།  དེ་དག་གི་ནང་དོན་གྲས་སུ་བོད་ཀྱི་མཁས་དབང་རིམ་བྱོན་གྱི་རྣམ་ཐར་དང་བོད་ཀྱི་ལོ་རྒྱུས།  དེ་བཞིན་ས་ཁོངས་མི་འདྲ་བའི་ཆོས་ལུགས་ལོ་རྒྱུས་སོགས་ཚུད་ཡོད།  དེའི་ཁྲོད《དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ཡོངས་གྲགས 》ལག་བྲིས་མ་དང་། 《མར་པ་ལོ་ཙཱའི་རྣམ་ཐར་གསོལ་འདེབས》《ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར》དུས་རབས་བཅུ་བདུན་པའི་ནང་པར་རྐོས་བྱས།  《ཞྭ་ལུ་ལོ་ཙཱ་བའི་རྣམ་ཐར》ཙག་དམར་པར་རྐོས།  《ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་བང་མཛོད》 《བདེ་མཆོག་ཆོས་འབྱུང》《རྒྱ་ནག་ཆོས་འབྱུང》པར་རྐོས་མ།  《པཎ་གྲུབ་གསུམ་གྱི་རྣམ་ཐར་དཔག་བསམ་འཁྲི་ཤིང》《དུས་རབས་བཅུ་བདུན་པའི་ནང་པར་རྐོས་བྱས།》《ཤངས་པ་བཀའ་བརྒྱུད་ཀྱི་བླ་བརྒྱུད་རྣམ་ཐར》《རྗེ་བཙུན་མི་ཏྲའི་རྣམ་ཐར 》སོགས་ཚུད་ཡོད།

        བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ད་དུང་གངས་ལྗོངས་གནའ་དཔེའི་གཏེར་མཛོད་ཅེས་པ་སོགས་རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་དཔེའི་མིང་མཛོད་དང་པར་རིས་ཀྱི་གྲས་སུ་ཚུད་པའི་རང་སྐྱོང་ལྗོངས་ཀྱི་ཁག་དང་པོ་དང་གཉིས་པ།  གསུམ་པ་བཅས་ཀྱི་གནའ་དཔེ་ཁག34དྲ་ཐོག་ཏུ་བཏོན་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན།  བྱ་ཐབས་དེ་བཟུང་བ་བརྒྱུད་སྤྱི་ཚོགས་ཡོངས་ཀྱིས་དཔེ་རྙིང་སྲུང་སྐྱོབ་ཀྱི་བྱ་གཞག་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་ཏེ།  བོད་ཀྱི་དཔེ་རྙིང་སྲུང་སྐྱོབ་དང་བདེ་སྤྱོད་ཀྱི་བྱ་གཞག་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད་ལ།  སྤྱི་ཚོགས་ལ་ཞབས་ཞུ་བྱེད་པའི་ཁྲོད་དཔེ་རྙིང་དེ་བས་མང་བའི་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད།

        ཉེ་བའི་ལོའི་ནང་།  རང་ལྗོངས་ཀྱིས་དཔེ་རྙིང་སྲུང་སྐྱོབ་ཉམས་གསོ་དང་ལེགས་སྒྲིག་དཔར་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་དཔེ་རྙིང་གྲངས་གཞི་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།  དེང་སྐབས་རང་ལྗོངས་ཀྱིས་དཔེ་རྙིང་པོད18000ལྷག་ཙམ་ལ་ཡོངས་བཤེར་ཐོ་འགོད་བྱས་པ་དང་།  རིམ་རྩིས་བྱས་པ་ལྟར་ན་ཉམས་རྒུད་ཤུགས་ཆེན་ཕྱིན་པའི་དཔེ་རྙིང་ཤོག་གྲངས3000ལྷག་ཙམ་ཉམས་གསོ་བྱས་ཤིང་།  དཔེ་རྙིང་པོད291རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་ནང་ཚུད་ཡོད་ལ།  《གངས་ལྗོངས་ནོར་མཛོད》སོགས་བོད་ཡིག་དཔེ་རྙིང་རབ་དང་རིམ་པར་ཡོངས་བཤེར་སྲུང་སྐྱོབ་གྲུབ་འབྲས་མངོན་པའི་དཔེ་ཚོགས་བཅུ་གྲངས་རྩོམ་སྒྲིག་དཔར་སྐྲུན་བྱས་པ་མ་ཟད།  གཞི་རིམ་གྱི་དཔེ་རྙིང་ཉར་ཚགས་ཚན་པ14ཡི་ཆ་རྐྱེན་ལེགས་གཏོང་རྣམ་གྲངས་སོགས་ཀྱང་ལེགས་སྒྲུབ་བྱས་ཡོད།།