2019ལོར་བོད་ལྗོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར559.28ཟིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-22   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

        ཟླ4བའི་ཚེས21ཉིན་གྱི་སྔ་དྲོར2020ལོའི་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་ས་ནས་བསྡུས་ལ། ཐེངས་འདིའི་ཚོགས་འདུའི་ཁྲོད་གཙོ་བོ2019ལོའི་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་ལ་ཕྱོགས་བསྡོམས་དང་། འཕེལ་རྒྱས་ཀྱི་དུས་བབ་ལ་དབྱེ་ཞིབ། 2020ལོའི་ཡུལ་སྐོར་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས་པ་རེད།

        2019ལོར་བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི4012.15ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས19.1%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར559.28ཟིན་པ་དེ་དུས་མཚུངས་ལས14.1%འཕར་ཡོད། བོད་ལྗོངས་ཡོངས་ཀྱིས་ས་ཁོངས་ཡུལ་སྐོར་མཉམ་ལས་འཕེལ་རྒྱས་ཐད་སྐུལ་འདེད་གཏིང་ཟབ་བཏང་བས་ཡུལ་སྐོར་ཐོན་ལས་ཚན་རིག་དང་མཐུན་པའི་སྣེ་ཁྲིད་ཆུ་ཚད་ཇེ་མཐོར་དང་། ཡུལ་སྐོར་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་ཉིན་བཞིན་འཐུས་སྒོ་ཇེ་ཚང་དུ་ཕྱིན་ལ། ཡུལ་སྐོར་ཚད་ལྡན་ཅན་སོགས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་མགྱོགས་མྱུར་རྗེས་སྙེགས་ཐུབ་པ། ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་དུ་ཆེ་རུ་ཕྱིན་པ་བཅས་རེད།

        ཚོགས་འདུའི་ཐོག་རིམ་པ་སོ་སོའི་ཡུལ་སྐོར་སྲིད་འཛིན་གཙོ་གཉེར་སྡེ་ཚན་དང་ཡུལ་སྐོར་ཁེ་ལས་ཁག་གིས“རང་འཁྲིའི་ལས་གནས་ནི་དམག་འཐབ་ཀྱི་གཡུལ་ས་ཡིན་པ”དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། བདེ་འཇགས་དང་ཕྱོགས་ཡོངས་ནས་ཡུལ་སྐོར་ལས་རིགས་ལས་ཐོན་བསྐྱར་གསོ་ལ་སྐུལ་འདེད་བཏང་སྟེ། རིམས་ནད་བྱུང་རྗེས་ཀྱི་ཡུལ་སྐོར་ཞབས་ཞུ་ཇེ་ལེགས་སུ་གཏོང་བའི་ཐད་ཤུགས་རྒྱག་པ་དང་འགན་ལེན་ཡག་པོ་བྱེད་དགོས། གཙོ་བོ་ཡུལ་སྐོར་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། ཡུལ་སྐོར་སྤུས་རྟགས་འཛུགས་སྐྲུན་མགྱོགས་མྱུར་གཏོད་པ་དང་། ཡུལ་སྐོར་ལས་རྣམ་གསར་གཏོད་དང་འཕེལ་རྒྱས་གཏོང་བ། ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་ཀྱི་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། རང་ངོས་ཀྱི་ནུས་བ་འཛུགས་སྐྱོང་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བ་དང་བདེ་འཇགས་བློ་བདེའི་ཡུལ་སྐོར་མཁོ་སྤྲོད་ལ་བརྟེན་ནས་བོད་ལྗོངས་ཡུལ་སྐོར་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས་ཞེས་བསྟན།

        ཚོགས་འདུའི་ཐོག“ལྔ་གཅིག”གུང་གསེང་རིང་གི་ཡུལ་སྐོར་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་འབྱེད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ས་གནས་སོ་སོས་རིག་གནས་དང་ཡུལ་སྐོར་པུའུ་དང་བོད་ལྗོངས་ཀྱི་འབྲེལ་ཡོད་བཀོད་སྒྲིག་ལྟར། ཡུལ་སྐོར་མཛེས་ལྗོངས་ཁུལ་སོ་སོའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཐོན་བསྐྱར་གསོ་ལས་དོན་སྤྱི་འདོམས་ངང་ཡག་པོར་བསྒྲུབ་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་སོ་སོ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྒོ་ཕྱེས་ཐུབ་པའི་བླང་བྱ་བཏོན།