འཇབ་ཐང་རྩྭ་ཐང་གི་འུར་རྡོའི་འགྱུར་ལྡོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-21   རྩོམ་ཁུངས།   

        ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ལོ་45ལ་སླེབས་པའི་ཆོས་སྟོབས་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་མདོ་རྫོང་འབྲི་ཆེན་གྲོང་རྡལ་བཅུ་གཅིག་གྲོང་ཚོ་ནས་ཡིན་པ་དང་། དེ་ཁུལ་དུ་མཐའ་བཞི་གངས་རིས་བསྐོར་བའི་འཇབ་ཐང་རྩྭ་ཐང་ཡོད་ཅིང་། ལོ་ངོ་སྟོང་ཕྲག་མང་པོའི་རིང་། འབྲོག་པ་ཚོ་མི་རབས་ནས་མི་རབས་བར་རྩྭ་ཆུ་བཟང་བའི་རྩྭ་ཐང་འདིའི་ཐོག་ནོར་ལུག་འཚོས་ནས་འཚོ་བ་བསྐྱལ་བཞིན་ཡོད།

        འཇབ་ཐང་རྩྭ་ཐང་གི་འབྲོག་པས་འུར་རྡོའི་སྐོར་རྫོགས་རྒྱུ་མེད་པ་ཤོད་རྒྱུ་ཡོད་ཅིང་། དེ་ཁུལ་དུ“གཡུལ་འགྱེད་དུས་སུ་དཔའ་བོར་གོ་མཚོན་དགོས། ནོར་ལུག་འཚོ་སྐབས་འབྲོག་པར་འུར་རྡོ་དགོས”ཞེས་པའི་ངག་རྒྱུན་ཡོད། ཆོས་སྟོབས་དང་གྲོང་ཚོ་གཅིག་པ་ཡིན་པའི་འབྲོག་པ་འགྱུར་མེད་དོན་གྲུབ་ཀྱིས་རྩིད་པ་ལས་བསླས་པའི་འུར་རྡོར་གླིང་རྗེ་གེ་སར་རྒྱལ་པོས་སྤྱོད་མྱོང་བའི་གོ་མཚོན་མཐའ་དག་གི་ལེགས་ཆ་འདུས་ཡོད་ཅེས་བརྗོད།
        གསར་འགོད་པས་ཆོས་སྟོབས་ཀྱི་ཁྱིམ་ནས་ཁོང་གིས་བསླས་པའི་འུར་རྡོ་10ལྷག་ཙམ་གྱང་ངོས་སུ་བཀལ་བ་མཐོང་བྱུང་། ཆོས་སྟོབས་ཀྱིས“འུར་རྡོར་ཆུ་མིག་དགུ་ཡོད་པ་དང་། འུར་རྡོའི་ཁྲ་རིས་དང་ཚོས་གཞི་བཀྲ་བའི་རྩིད་པ་ལས་བཀྲ་ཤིས་དང་དུས་བདེ་མཚོན་གྱི་ཡོད”ཅེས་བརྗོད།
        “གཞས་དང་ཞབས་བྲོ་ཤེས་པ་ལྟར། ང་ཚོའི་ནང་མི་ཚང་མས་འུར་རྡོ་བསླས་ཤེས་ཀྱི་ཡོད། བཟོ་རྩལ་དེ་འདྲ་ང་ཚོའི་ཁྲག་རྒྱུན་དང་འདྲེས་ཡོད་པས་དམིགས་སུ་བཀར་ནས་སྦྱོང་དགོས་ཀྱི་མེད”ཅེས་ཆོས་སྟོབས་ཀྱིས་བཟོ་ལྟ་ལེགས་པའི་འུར་རྡོ་ཞིག་སྟོན་བཞིན་བརྗོད་པ་དང་། གསར་འགོད་པར་ཆོས་སྟོབས་ཀྱིས་འུར་རྡོ་རྒྱག་སྟངས་བསླབས།
        ཚགས་ཤ་སྐམ་པོ་དང་རྩམ་ཁུག་ཆུང་ཆུང་ཞིག་ནི་འབྲོག་པ་ཚོ་ཉིན་གཅིག་ནོར་ལུག་འཚོ་བར་མཁོ་བའི་ལམ་རྒྱགས་ཡིན་པ་དང་། ཁོང་ཚོ་ཉིན་གང་མུ་མཐའ་མེད་པའི་རྩྭ་ཐང་ཐོག་ནོར་ལུག་འཚོས་ནས་སྡོད་ཀྱི་ཡོད་ཅིང་། འགྱུར་མེད་དོན་གྲུབ་ཀྱིས“རྩྭ་ཐང་ཐོག་ནོར་ལུག་འཚོ་སྐབས་གཅན་གཟན་ཡང་སེ་འཕྲད་ཀྱི་ཡོད། ཡིན་ནའང་འུར་རྡོ་ཁྱེར་ན་དེ་ལ་ཞེ་དགོས་ཀྱི་མེད”ཅེས་བརྗོད་པ་དང་། འུར་རྡོའི་ཚག་རྩེ་རྡབ་སྐབས་སྒྲ་ཆེན་པོ་གྲགས་པས། ལུག་རྫི་ཡུལ་པོ་མི་ཡོང་ལ། གཅན་གཟན་དེ་དག་ཀྱང་འདྲོག་འགྲོ་གི་ཡོད།
        དུས་ལ་རིམ་གྱིས་འགྱུར་ལྡོག་བྱུང་བ་དང་། འབྲོག་པའི་འཚོ་བར་འགྱུར་ལྡོག་ཕྱིན་པ་དང་བསྟུན། འུར་རྡོ་ཡང་དར་སྲོལ་གསར་པ་ཞིག་ལ་གྱུར་ཞིང་། ཆོས་སྟོབས་ཀྱིས“ད་ཆ་ཚང་མའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ནས་འབྲོག་པ་མང་པོ་ཞིག་སྡོད་ཁང་གསར་པར་སྤོས་པ་མ་ཟད། ད་དུང་རང་ཉིད་ཀྱི་མོ་ཊ་ཉོས་པ་དང་མོ་ཊའི་ནང་འུར་རྡོའི་མཛེས་ཆས་བསྒར་ནས་ནང་མི་ཚང་མ་ལམ་འགྲོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བརྗོད་པ་དང་། འུར་རྡོ་བསླས་པ་དང་བཙོངས་པ་བརྒྱུད། ཁོང་གི་ཁྱིམ་ལ་ལོ་གཅིག་ལ་འབབ་འཕར་སྒོར་5000ཙམ་བྱུང་ཡོད།
        འབྲོག་པའི་འཚོ་བ་ཉིན་རེ་བཞིན་ཇེ་ལེཌ་སུ་ཕྱིན་པ་ནི་གཙོ་བོ་ས་གནས་དེ་གའི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་བྱུང་བས་ཡིན་ཞིང་། 2015ལོར། ཆོས་སྟོབས་གནས་སའི་བཅུ་གཅིག་གྲོང་ཚོར་འཇབ་ཐང་སྣོད་བཅུད་ཕྱུགས་ལས་མཉམ་ལས་ཁང་བཙུགས་པས། གྲོང་ཚོ་ཡོངས་ཀྱི་འབྲོག་པའི་དུད་ཚང་405ཡི་རྩྭ་ར་མུའུ་ཁྲི་42དབྱར་རྩྭ་དང་། སྟོན་རྩྭ། དགུན་རྩྭ་བཅས་ལ་བསྡུ་སྒྲིལ་བྱས་ཡོད།
        རྩྭ་རའི་འགྱུར་ལྡོག་སྐོར་གླེང་སྐབས། མཉམ་ལས་ཁང་གི་ལས་འཛིན་པ་གཞོན་པའི་ངོས་ནས་འགྱུར་མེད་དོན་གྲུབ་ཀྱིས་སྤོབས་སེམས་ཆེན་པོས“རྩྭ་ཁ་རེས་སྐོར་བྱས་པ་བརྒྱུད་རྩྭ་གསོ་ཡག་པོ་ཐུབ་པས། རྩྭ་རྒྱུན་གཏན་ལས་རིང་བ་སྐྱེས་འདུག མཉམ་ལས་ཁང་གིས་གཅིག་གྱུར་དོ་དམ་བྱས་པ་ལས། གྲོང་ཚོའི་ངལ་ནུས་60%ཕྱིར་གླ་པ་རྒྱུག་པར་སྐྱོད་་ཆོག་པ་མ་ཟད། ད་དུང་རྫོང་གྲོང་དུ་ལོ་ན་བགྲེས་པའི་རྒན་རྒོན་དང་སློབ་གྲྭ་འགྲིམ་བཞིན་པའི་ཕྲུ་གུར་ལྟ་རྟོག་ཐུབ་ཀྱི་ཡོད”ཅེས་བརྗོད།
        སྤྱི་ཟླ་བཞི་པའི་འཇབ་ཐང་རྩྭ་ཐང་སྔར་བཞིན་ཁ་བས་ཡོངས་སུ་བཀླུབས་ཡོད་མོད། འོན་ཀྱང་དེ་ཁུལ་གྱི་འབྲོག་པའི་ངོས་ནས་བཤད་ན་དཔྱིད་ཀ་སྔ་ས་ནས་ཤར་བ་ལྟར་མཚུངས་ཤིང་། ཆོས་སྟོབས་ཀྱིས་ལག་ཏུ་འུར་རྡོ་ཡུག་ཡུག་བྱེད་བཞིན་འབྲི་གཡག་ཁྱུ་དང་ཁྱུ་སྤྲིན་དཀར་དང་ཐག་ཉེ་བའི་རི་རྩེའི་ཕྱོགས་སུ་དེད།