དཔལ་ཡུལ་རྫོང་ནས་བླངས་པའི་གཡི་ཡི་བརྙན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-19   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

     ཉེ་ཆར། དཔལ་ཡུལ་རྫོང་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཞབས་ཞུ་ལྟེ་གནས་ཀྱིས། 2019ལོའི་ཟླ་བ་10པར་ཧོར་ལུང་རང་བྱུང་སྲུང་སྐྱོབ་ཁུལ་དུ་བཙུགས་པའི་དམར་ཕྱིའི་པར་ཆས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་ཚུར་བསྡུས་རྗེས། སྲོག་ཆགས་རིགས་སྣ་ཚོགས་དང་། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་བྱ་ཡུལ་སྲོག་ཆགས་གཡིའི་གཟུགས་བརྙན་མཐོང་བ་དང་། སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རིན་ཐང་སྔར་ལས་ལྷག་པ་མངོན་ཡོད་པ་རེད།

     བརྙན་པར་ནང་ནས་མཐོང་བར། 2019ལོའི་ཟླ་11པའི་ཚེས་28ཉིན་གྱི་ཆུ་ཚོད་16དང་སྐར་མ་23ཐོག གཡི་གཅིག་དམར་ཕྱིའི་བརྙན་ཆས་ནང་ནས་མཐོང་བ་དང་། རི་སྟེང་གི་གངས་ཁྲོད་དུ་ཆུ་ཚོད་ཕྱེད་ཀ་ཙམ་བསྡད་ཡོད།  བརྙན་ནང་གསལ་བའི་གཡི་དེའི་གཤིས་རྒྱུད་ཅུང་འཇམ་པོ་ཡོད་མོད། འོན་ཀྱང་གཟུགས་སྟོབས་འབྲིང་ཙམ་གྱི་བྱི་ལའི་རིགས་ཁོངས་ཀྱི་སྲོག་ཆགས་འདི་རིགས་ཀྱིས་རི་བོང་དང་། བྱི་བ། འདབ་ཆགས་སོགས་སྲོག་ཆགས་ཆུང་གྲས་སྟབས་བདེ་པོར་འཛིན་ཐུབ་པ་དང་། ཡང་སྒོས་གླ་བ་དང་། གནའ་བ། ཐ་ན་ཤྭ་བ་མཆུ་དཀར་གྱི་ཤྭ་ཕྲུག་འཛིན་གསོད་མཁས་པོ་ཡོད་པ་དང་། གཤིས་རྒྱུད་གཏུམ་ཞིང་། གཡོ་སྒྱུ་དང་གཟབ་ནན་ཆེ་བ་ཞིག་ཡིན་པས། དེའི་རང་བྱུང་དགྲ་ཡ་གཟིག་དང་སྤྱང་ཁྱུ་ཁོ་ན་ལས་མེད།

     སི་ཁྲོན་ཧོར་ལུང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་2002ལོར་བཙུགས་པ་དང་། 2019ལོའི་ཟླ་6པར་དཔལ་ཡུལ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ལ་དོ་དམ་བྱ་རྒྱུར་རྩིས་སྤྲད་པ་རེད། ཅུས་དེས་བཀོད་སྒྲིག་བྱས་པ་བརྒྱུད། རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཞབས་ཞུའི་ལྟེ་གནས་ཀྱིས་སྤྱི་ལོ2019ལོའི་ཟླ་10ཚེས་16ཉིན་སྲུང་སྐྱོང་ཁུལ་དུ་དམར་ཕྱིའི་པར་ཆས་10བཞག་ཡོད་པ་དང་། ཉེ་དུས་རིམས་ནད་དབང་གིས་གྲངས་གཞི་ཚུར་བསྡུ་བྱས་པ་རེད།

     སི་ཁྲོན་ཧོར་ལུང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་141056ཟིན་པ་དང་། དེ་ནི་ནགས་ཚལ་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་གཙོ་བོར་བྱེད་པའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ཞིང་། སྲོག་ཆགས་དང་རྩི་ཤིང་གི་གྲངས་འབོར་གསལ་པོ་བཟོ་ཆེད་དང་། གཞི་རྩའི་བརྟག་དཔྱད་དང་གཙོ་གནད་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། དཔལ་ཡུལ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཞབས་ཞུའི་ལྟེ་གནས་ཀྱིས་རི་ཀླུང་དུ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། དམར་ཕྱིའི་པར་ཆས་ཀྱི་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་བདེ་འཇགས་འགན་ལེན་བྱེད་བཞིན་ཡོད་པ་རེད།