སོ་ཐུར་གྱིས་སོ་འདྲུ་ན་མི་བཟང་བའི་རྒྱུ་མཚན་ཅི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-16   རྩོམ་ཁུངས།   

    སོ་འདྲུ་བ་ནི་གོམས་སྲོལ་མི་ལེགས་པ་ཞིག་ཡིན་ཏེ།སྤྱིར་བཏང་བཤད་ན་ང་ཚོའི་སོ་ཕྲེང་ནི་གྲལ་ཡག་པོ་ཞིག་སྒྲིག་ཡོད་པ་རེད། སོ་དང་སོ་བར་གྱི་སྟོངས་ས་ནི་སོ་ཚང་རུས་པ་དང་སོ་རྙིལ་གྱིས་གང་ཡོད།  དེ་ཕྱིར་སྤྱིར་བཏང་དུ་སོ་ཕྲེང་ལེགས་པོ་ཡོད་པའི་མིའི་སོ་བར་ལ་སྲུབས་ཀ་ཡོད་པ་མ་ཡིན་ནོ།གལ་ཏེ་སོ་ཚང་རུས་པ་དང་སོ་རྙིལ་གྱི་ཆགས་ཚུལ་ལ་འཁུམ་པ་བྱུང་བ་ན་ད་གཟོད་སྲུབས་འབྱུང་བར་འགྱུར། མི་ལ་ལས་རྒྱུན་དུ་སོ་ཐུར་དང་འབར་ཞུན་གྱི་རྩ་བའམ་ཡང་ན་དངོས་པོ་གཞན་དག་སོགས་བཀོལ་ནས་སོ་སྲུབས་འདྲུ་བ་ན་སོ་སྲུབས་ནི་ཅི་ལྟར་དྲུས་ན་དེ་ལྟར་ཇེ་ཆེར་འགྲོ་བཞིན་ཡོད་པས།  ཟས་རིགས་དེ་དག་ཀྱང་ལྷག་པར་དུ་སོ་སྲུབས་སུ་ལུས་སླ་བའོ།།

    སོ་ཐུར་བཀོལ་ནས་སོ་འདྲུ་བ་ན། སོ་སྲུབས་ཇེ་ཆེར་འགྲོ་ཞེས་ཟེར་བའི་རྒྱུན་མཚན་ཅི་ཡིན་ཟེར་ན།ང་ཚོ་ཚང་མས་ཤེས་འདུག་པ་ནི་སོ་ཐུར་དང་འབར་ཞུན་ནི་ཤིང་རིགས་ཡིན་རུང་། གལ་ཏེ་ང་ཚོས་ཆེ་ཤེལ་དང་ཕྲ་མཐོང་ཆེ་ཤེལ་ནས་ཞིབ་མོར་བལྟས་ན་སོ་ཐུར་དང་འབར་ཞུན་གྱི་ཤིང་ཤུན་ངོས་ནས་ཧ་ཅང་ཕྲ་ལ་གྲངས་ལས་འདས་པའི་ཤིང་ཚེར་ཡོད་པ་མཐོང་ཐུབ། ཞིབ་མོར་བཟོས་པའི་སོ་ཐུར་ཡིན་རུང་དེ་དང་འདྲ་བ་ཡིན།  དེ་ནས་ཁྱོད་ཀྱིས་སོ་ཐུར་གྱི་སོ་འདྲུ་དུས་ན་ཤིང་ཤུན་ཕྲ་མོའི་ཤིང་ཚེར་འདི་དག་ནི་སོ་རྙིལ་གྱི་ཕུང་གྲུབ་ནང་དུ་སོང་ནས་མཚམས་མཚམས་སུ་ཉམས་མ་བཞག་པར་སོ་རྙིལ་དུ་འཛུལ་ཏེ་སོ་རྙིལ་སྐྲངས་ལ་གཉན་ཚད་ཀྱང་རྒྱས་པར་བྱེད། 

    དེ་མ་ཟད་སོ་ཚང་རུས་པ་དང་སོ་རྙིལ་གྱི་ཕྱི་ངོས་ལ་རྒྱུན་དུ་རྨས་པ་དང་གཉན་ཚད་རྒྱས་ན་སོ་མཐའི་ཕུང་གྲུབ་ཀྱང་འཁུམ་ནས་སོ་སྲུབས་ཀྱང་ཇེ་ཆེར་འགྲོ་བ་ཡིན། དེ་ཡང་དུས་རྒྱུན་དུ་སོ་ཐུར་བཀོལ་ནས་སོ་སྲུབས་འདྲུ་བ་ན་ཕྱི་ནས་ཐོན་པའི་ཤུགས་རྐྱེན་དེས་འབྲེལ་བ་དམ་པོ་བྱས་པས་སོའི་བར་ནི་རིམ་གྱིས་ཁ་དོར་བྱུང་ནས་འཐོར་བར་གྱུར།སོ་སྲུབས་ཇེ་ཆེར་སོང་རྗེས་ཟས་རིགས་སོགས་སོ་བར་དུ་འཚང་སླ་བ་མ་ཟད་ད་དུང་སོ་ཡང་རུལ་སླ་བ་ཡིན།  དེ་བས་ན་སོ་ཐུར་བཀོལ་ནས་སོ་འདྲུ་བ་དེར་སྐྱོན་ཆ་མང་པོ་ཡོད་པ་ལས་བཟང་ཆ་གཅིག་ཀྱང་མེད། དེ་ཕྱིར་ཁ་སྦུག་སྡེ་ཚན་གྱི་སྨན་པས་རྒྱུན་དུ་ང་ཚོར་སོ་ཐུར་བཀོལ་ནས་སོ་འདྲུ་མི་ཉན་ཅེས་ཡང་ཡང་ཁ་ཏ་བྱེད་པ་ཡིན།

    གལ་ཏེ་ཟས་རིགས་སོ་སྲུབས་སུ་ལུས་ནས་སོ་མི་འདྲུ་ཐབས་མེད་བྱུང་ན། ཐབས་གཞན་ཅི་ཡོད་ཟེར་ན། ཁ་གཤལ་བ་ནི་ཆེས་སླ་བའི་ཐབས་ཤིག་ཡིན། དེ་ནི་ཁ་ནང་ལ་ཆུ་བཟུང་ནས་འགྲམ་པའི་ཤ་གནད་གཉིས་ཀྱིས་རྒྱུན་མི་ཆད་པར་ཆུའི་ཤུགས་ཀྱིས་སོ་སྲུབས་ཀྱི་ཟས་རིགས་དེ་གཤལ་ན་དེ་དག་ཕྱིར་འདེད་ཐུབ།དེ་མིན་སོ་དཀྲུས་པའི་ཐབས་བཀོལ་དགོས། སོ་དཀྲིའི་སྤུ་ཁ་སོ་སྲུབས་ཡར་མར་ལ་གཏད་ན། ཟས་རིགས་དེ་རང་ཤུགས་སུ་ཕྱིར་འབུད་ཐུབ། གལ་ཏེ་ད་དུང་འདེད་མ་ཐུབ་ན་སྐུད་པ་ཕྲ་མོ་ཉག་གཅིག་སོ་སྲུབས་ལ་བརྒྱུད་ནས་ཡར་མར་དུ་དྲུད་ན་ཟས་རིགས་དེ་དག་ཕྱིར་འབུད་ཐུབ་པ་ཡིན།  གལ་ཏེ་ཐབས་འདི་དག་ཚང་མ་བཀོལ་ཡང་ད་དུང་མ་ཡོང་ན་ལྕགས་རིགས་ཀྱི་ཁབ་ཧ་ཅང་ཕྲ་མོ་ཅིག་སོ་སྲུབས་དུ་དལ་མོར་བཙུགས་ནས་ཟས་རིགས་དེ་དག་ལེན་དགོས། 

ཡིན་ན་ཡང་སོ་རྙིལ་གྱི་ཕུང་གྲུབ་ལ་གྱོང་གུན་ཡོང་མི་ཉན། ཟས་རིགས་ལ་ལ་སོ་སྲུབས་སུ་འཛུལ་བ་ནི་སོ་ཕྲེང་གི་སྒྲིགས་སྟངས་དང་ཡང་ན་ཡར་མར་ཐུག་ཕྲད་ཀྱི་འབྲེལ་བ་མི་བཟང་བ་ལས་བྱུང་བ་ཡིན་པས། དེ་ནི་ཁ་སྦུག་སྡེ་ཚན་གྱི་སྨན་པའི་གོས་བཅོས་ལ་བསྟེན་དགོས་སོ། །