ལྷ་སར་སྨན་ཁང་ཆེན་པོ་ཞིག་སྐྲུན་འགོ་ཚུགས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-14   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

    རང་སྐྱོང་ལྗོངས་སྨན་ཁང་གི་རྣམ་གྲངས་ལས་གྲྭ་དེ་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་བའི་དམངས་འཚོའི་ལས་གྲྭའི་རྣམ་གྲངས་ཞིག་ཡིན་པའི་ངོས་ནས།  ཟླ་༢ཚེས་༢༤ནས་ལས་གྲྭ་ཡང་བསྐྱར་ལས་འགོ་བཙུགས་རིང་།  འཛུགས་སྐྲུན་ཁག་ལ་བརྟན་ལྷིང་སྐུལ་འདེད་ཐེབས་ཡོད་ལ། སྔོན་དཔག་བྱས་ན་ལོ་མཇུག་གོང་གྲུབ་ཆ་གཙོ་བོ་རྣམས་ཚང་མར་ལེགས་འགྲུབ་ཐུབ་རྒྱུ་རེད།
    གསར་འགོད་པ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གྱི་རང་སྐྱོང་ལྗོངས་སྨན་ཁང་གྱི་རྣམ་གྲངས་ལས་གྲྭའི་ཡུལ་དངོས་ལ་སླེབས་དུས། བཟོ་པ་ཚོས་གོ་རིམ་ལྡན་པའི་སྒོ་ནས་མཐིལ་ཤིང་དང་ལྕགས་རྩིབས་སོགས་འདིང་བཞིན་ཡོད་པ་དང་། ལས་ཀར་ཅུང་བྲེལ་བ་ཆེ་བ་དང་ནད་ཡམས་ཀྱི་རྐྱེན་པས་ལས་གྲྭའི་ལེགས་འགྲུབ་དུས་ཚོད་ལ་འགོར་འགྱངས་ཅུང་ཐེབས་ཡོད་རུང་། བཟོ་པ་ཚོས་ལས་འགན་མྱུར་གྲུབ་བྱ་བཞིན་ཡོད་པ་དང་དུས་མཚུངས་སུ། སྔར་བཞིན་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོའི་སྒོ་ནས་ཨར་ལས་བྱས་ཏེ། ལས་གྲྭའི་སྤུད་ཚད་ལ་འགན་ལེན་བྱས་ཡོད་པ་རེད།
    བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་དམངས་འཚོའི་རྣམ་གྲངས་ཆེན་པོ་གསུམ་གྱི་ཡ་གྱལ་ཏེ། རང་སྐྱོང་ལྗོངས་སྨན་ཁང་གི་རྣམ་གྲངས་ལ་རྒྱལ་ཁབ་ནས་ཆེད་སྤྱོད་མ་དངུལ་དུང་ཕྱུར་༡༠བཏང་ཡོད།  ལས་གྲྭའི་འཆར་འགོད་སྤྱིའི་ས་ཆའི་རྒྱ་ཁྱོན་མུའུ་༣༠༠དང་། ནད་ཁྲི་༡༤༩༩། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་༢༧བཅས་ཡིན། ༢༠༡༩ལོའི་ཟླ་༩ཚེས་༢༤ཉིན་ནས་ལས་གྲྭ་ཕྱོགས་ཡོངས་ནས་འགོ་བཙུགས་པ་དང་། དུས་ཁག་གཉིས་ལ་བགོས་ནས་འཛུགས་སྐྲུན་བྱ་རྒྱུ་རེད།
    ལས་གྲྭ་ལེགས་འགྲུབ་བྱུང་རྗེས། རང་སྐྱོང་ལྗོངས་སྨན་ཁང་དུ་སྙིང་དང་ཀླད་ཁྲག་ཚན་ཁག  མྱུར་སྐྱོབ་ཚན་ཁག   དབུགས་ལམ་ཚན་ཁག  མིག་ནད་ཚན་ཁག  ལུས་གསོའི་གསོ་རིགས་སོགས་ཀྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་ལྟེ་གནས་ཞིག་བསྐྲུན་རྒྱུ་ཡིན་པ་དང་། གཙོ་བོ་ལྗོངས་ཡོངས་ཀྱི་ཉེན་ཚབས་ཆེ་བའི་དཀའ་གནད་ནད་རིགས་སྨན་བཅོས་དང་། གློ་བུར་དུ་བྱུང་བའི་སྤྱི་པའི་དོན་རྐྱེན་གྱི་ཛ་གྲག་ཆེ་བའི་རོགས་སྐྱོར་ལས་འགན་སོགས་ལ་འགན་ཁུར་ཏེ། ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཀའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རེད།