རླུང་འཕྲིན་གྱི་གཙོ་སྐྱོང་བའི་གཞི་རྩའི་བྱང་ཚད་དང་ཆ་རྐྱེན་སྐོར་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-04-03   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

རླུང་འཕྲིན་ནི་སྐད་ཆར་བརྟེན་ནས་བརྡ་འཕྲིན་བརྒྱུད་སྒྲོག་བྱེད་པའི་ཐུན་མིན་གྱི་སྒྱུ་རྩལ་ཞིག་ཡིན་ལ། རང་གཤིས་སུ་གྲུབ་པའི་སྤུས་ཚད་ནི་རླུང་འཕྲིན་གཙོ་སྐྱོང་བར་མཚོན་ན་གལ་ཆེའི་ནང་གི་འགངས་ཆེན་ཡིན། མིག་སྔར་འཛམ་གླིང་རང་བཞིན་གྱི་གྲངས་རིགས་ཚན་རྩལ་སོགས་ཧ་ཅང་དར་རྒྱས་ཆེ་བའི་ཁོར་ཡུག་འོག་ཏུ་སྔར་བས་ཕུལ་དུ་བྱུང་བའི་རླུང་འཕྲིན་བརྙན་འཕྲིན་གྱི་རྣམ་པ་གསར་པ་ཞིག་གྲུབ་དང་འགྲུབ་བཞིན་ཡོད་པས། ཕུལ་བྱུང་གི་རླུང་འཕྲིན་བརྙན་འཕྲིན་གྱི་ལས་བྱེད་མི་སྣ་གསོ་སྐྱོང་བྱེད་རྒྱུ་ནི་མ་འོངས་ཀྱི་བྱ་གཞག་ཆེན་པོ་ཞིག་ཡིན་ཞིང་། དེ་བས་བྱང་ཚད་ངེས་ཅན་ལྡན་པའི་རླུང་འཕྲིན་བརྙན་འཕྲིན་གྱི་གསར་འགྱུར་གཙོ་སྐྱོང་བ་སྐྱེད་སྲིང་བྱེད་རྒྱུ་ནི་རླུང་འཕྲིན་བརྙན་འཕྲིན་ལས་དོན་བདེ་བླག་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་རང་རང་གི་འགྲན་རྩོད་ནུས་ཤུགས་མུ་མཐུད་ཇེ་ཆེར་གཏོང་བའི་འོས་འགན་གལ་ཆེན་ཞིག་རེད། བྱང་ཚད་མཐོ་བའི་རླུང་འཕྲིན་གཙོ་སྐྱོང་བ་ཚད་ལྡན་ཞིག་བྱེད་དགོས་ན་ངེས་པར་དུ་གཤམ་གྱི་རྩ་བའི་ཆ་རྐྱེན་དག་ཚང་དགོས།

གཅིག བསམ་བློ་ཀུན་སྤྱོད་ཐད་ཀྱི་ཆ་རྐྱེན།

རླུང་འཕྲིན་དང་བརྙན་འཕྲིན་གྱི་གཙོ་སྐྱོང་བས་རྒྱ་ཆེའི་གཟིགས་མོ་བ་དང་གསན་པ་པོར་གསར་འགྱུར་དང་། ཤེས་བྱ་སྣ་ཚོགས་དུས་ལྟར་ཀུན་གྱི་བསམ་བློའི་རྒྱགས་ཕྱེ་རུ་འབུལ་བཞིན་ཡོད་པས། རླུང་འཕྲིན་གཙོ་སྐྱོང་བ་ཞིག་ཡིན་ཕྱིན་ངེས་པར་དུ་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་ལེགས་པོ་ཞིག་ལྡན་དགོས། ཐོག་མར་ཆབ་སྲིད་ཀྱི་བསམ་བློ་བརྟན་པོ་ཞིག་ཡོད་དགོས་ཤིང་། རླུང་འཕྲིན་བརྙན་འཕྲིན་ནི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་མགྲིན་པ་ལྟ་བུ་ཡིན་པ་མ་ཟད། བསམ་བློའི་རིག་གནས་ཀྱི་གཡུལ་ས་གལ་ཆེན་ཞིག་ཀྱང་རེད། རླུང་འཕྲིན་གཙོ་སྐྱོང་བ་ཚད་ལྡན་ཞིག་ལ་མཚོན་ན། ངེས་པར་དུ་ཆབ་སྲིད་ཀྱི་བསམ་བློ་བརྟན་པོ་ཞིག་ཡོད་དགོས་པའི་ཁར་རང་འགུལ་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་དེ་རང་ཉིད་ཀྱི་མཛུབ་སྟོན་དུ་བཟུང་ནས། ནམ་ཡང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ན་ད་གཟོད་ཡང་དག་པའི་བསམ་བློའི་འདུ་ཤེས་ཆགས་ཐུབ། རླུང་འཕྲིན་གཙོ་སྐྱོང་བ་ཞིག་ལ་མཚོན་ན་ངེས་པར་དུ་ནམ་ཡིན་ཡང་ང་ཚོའི་མེས་རྒྱལ་ལ་དགའ་ཞེན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན། ང་ཚོའི་ཏང་གི་འགོ་ཁྲིད་དང་བྱེད་ཕྱོགས་སྲིད་ཇུས། རང་རྒྱལ་གྱི་སྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་བཅས་ལ་འགྱུར་བ་མེད་པའི་ཡིད་ཆེས་བརྟན་པོ་ཡོད་དགོས། རླུང་འཕྲིན་གཙོ་སྐྱོང་བས་ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། ངེས་པར་དུ་ཅུང་མཐོ་བའི་སྲིད་ཇུས་ཀྱི་གཞུང་ལུགས་ཆུ་ཚད་དང་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པོ་ཞིག་ཡོད་དགོས། དེ་བས་ང་ཚོ་རླུང་འཕྲིན་གཙོ་སྐྱོང་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ལ་དོ་སྣང་བྱས་ནས་ཆབ་སྲིད་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། དེ་ལྟར་བྱས་ན་ད་གཟོད་ཡང་དག་ཅིང་གཏིང་ཟབ་པའི་སྒོ་ནས་ཏང་གི་སྲིད་ཇུས་དང་བྱེད་ཕྱོགས། ལམ་ཕྱོགས་བཅས་ལ་གོ་བ་ལེན་ཐུབ་པ་དང་། ཡང་དག་པའི་གླེང་ཕྱོགས་ཀྱང་རྒྱུན་འཁྱོངས་བྱེད་ཐུབ། རང་རེའི་རྒྱལ་ཁབ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས། ཚད་དང་ལྡན་པའི་རླུང་འཕྲིན་གཙོ་སྐྱོང་བ་ཞིག་བྱེད་དགོས་ན་ཐོག་མར་མར་ཁེ་སི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ལ་སློབ་སྦྱོང་ལེགས་པོ་བྱས་ནས་དངོས་གཙོ་རྩོད་གྲུབ་རིགས་པའི་འཇིག་རྟེན་ལྟ་བ་དང་ཚན་རིག་གི་བྱེད་ཐབས་སྨྲ་བའི་ལྟ་ཚུལ་ཆགས་པར་བྱེད་དགོས་ལ། དེ་ནི་ང་ཚོའི་ཏང་གིས་གཏན་ལ་ཕབ་པའི་སྲིད་ཇུས་དང་བྱེད་ཕྱོགས། ལམ་ཕྱོགས་བཅས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྩ་བའི་རྨང་གཞི་ཡིན། རླུང་འཕྲིན་གཙོ་སྐྱོང་བར་ཆབ་སྲིད་ཐད་ཀྱི་བློ་སྦྱོང་ངེས་ཅན་ཞིག་ལྡན་དགོས་པ་མ་ཟད། ད་དུང་རང་འགུལ་གྱི་སྒོ་ནས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཟབ་མོར་ཞུགས་ཏེ། དུས་རྒྱུན་གྱི་འཚོ་བའི་ཁྲོད་ཀྱི་གནད་དོན་མང་པོར་རྟོག་དཔྱོད་ཞིབ་འཇུག་བྱས་ནས་རང་ཉིད་ཀྱི་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཏང་དང་སྲིད་གཞུང་གིས་གཏན་ལ་ཕབ་པའི་སྲིད་ཇུས་དང་ཁྲིམས་ལུགས་སོགས་ཀྱི་ནང་དོན་བྱང་ཆུབ་པར་བྱས་ནས་དེ་དག་ལ་གོ་བ་གཏིང་ཟབ་ལེན་ཐུབ་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

གཉིས། རླུང་འཕྲིན་གཙོ་སྐྱོང་བར་ཆེད་ལས་ཀྱི་ཉམས་མྱོང་བཟང་པོ་དགོས་པ།

རླུང་འཕྲིན་གཙོ་སྐྱོང་བ་བཟང་པོ་ཞིག་བྱེད་དགོས་ན། ཐོག་མར་གསལ་དག་སྙན་གསུམ་ཚང་བའི་སྤྱི་སྐད་རང་བཞིན་ལྡན་པའི་སྐད་ཆ་ཡང་དག་པ་ཞིག་ཤོད་ཤེས་པ་བྱ་རྒྱུ་ནི་རྩ་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། ཉན་མཁན་དང་ལྟ་མཁན་སུ་ཡིན་ཡང་སྙན་ཞིང་འཇེབས་པའི་སྐད་ཆ་དག་མ་ཞིག་ལ་ཉན་སྤྲོ་བ་ལས་ང་ཚོ་རླུང་འཕྲིན་གཙོ་སྐྱོང་བར་ཐོག་མར་རང་ཉིད་ལ་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་དགོས་པའི་རེ་བ་བཏོན་ཡོད། སྤྱིར་རླུང་འཕྲིན་གཙོ་སྐྱོང་བའི་ངག་དེ་ཚིག་དོན་རེ་རེ་ཁ་གསལ་ཞིང་སྐད་གདངས་སྙན་ཞིང་འཇེབས་ལ་གསོན་ཤུགས་ལྡན་པ་དང་། མི་རྣམས་ཀྱི་ཡིད་དབང་འགུག་ནུས་ཐུན་མོང་མ་ཡིན་པ་ཞིག་ཡོད་དགོས་པ་མ་ཟད། རླུང་འཕྲིན་གཙོ་སྐྱོང་བ་ཚད་ལྡན་ཞིག་གི་ཆུ་ཚད་དུ་སླེབས་དགོས་ན་ལྷན་སྐྱེས་ཀྱི་སྐད་ཀྱི་ཆ་རྐྱེན་ལྡན་པ་ཙམ་གྱིས་མི་འདང་བར། ད་དུང་ཆེད་ལས་ཀྱི་ཤེས་བྱ་སྣ་ཚོགས་དང་ཐབས་ཤེས་ངེས་ཅན་ཞིག་ལྡན་དགོས་ཏེ། དཔེར་ན། སྒྲའི་ལྕི་ཡང་ལ་ཚོད་འཛིན་བྱེད་ཐབས་དང་རང་ཉིད་ཀྱི་སེམས་ཁམས་ཀྱི་འགྱུར་བ། སྒྲ་འདོན་སྟངས་དང་དབུགས་འབྱིན་རྔུབ་བཅས་ལ་ཚོད་འཛིན་བྱེད་ཐབས་སོགས་ཁོང་དུ་ཆུད་པར་བྱེད་དགོས། ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ན་ད་གཟོད་རླུང་འཕྲིན་གཙོ་སྐྱོང་བའི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་ཐུབ་ལ། རླུང་འཕྲིན་གཙོ་སྐྱོང་བར་མཚོན་ན། རང་ཉིད་ཀྱི་ཆེད་ལས་ཀྱི་ཆུ་ཚད་དང་གཞུང་ལུགས་ཀྱི་རྨང་གཞི། ལག་ལེན་གྱི་ནུས་པ་བཅས་ཇེ་མཐོར་གཏོང་དགོས་ན་འབྲེལ་ཡོད་ཀྱི་ཉམས་མྱོང་ལ་སྣང་ཆུང་བྱེད་མི་རུང་། ང་ཚོའི་རླུང་འཕྲིན་གཙོ་སྐྱོང་བ་རྒན་རབས་དག་གིས་ཀྱང་ལོ་ངོ་དུ་མའི་རིང་གི་དཀའ་སྤྱད་འབད་སྒྲུབ་བརྒྱུད། ད་གཟོད་འུ་ཅག་རྗེས་རབས་པ་རྣམས་ལ་མིག་མཐོང་ལག་ཟིན་ཐུབ་པའི་ཆེད་ལས་ཀྱི་ཉམས་མྱོང་རྩ་ཆེན་ཕུན་སུམ་ཚོགས་པོ་བཞག་ཡོད་པས། ང་ཚོ་རྗེས་རབས་པ་ཚོས་དུས་རྒྱུན་དུ་རྒན་རབས་དག་གི་ཆེས་རིན་ཐང་ལྡན་པའི་ཉམས་མྱོང་རྣམས་ལ་དཔེ་ལྟ་བཞིན་རང་ཉིད་ཀྱི་བྱང་ཚད་མཐོ་རུ་གང་ཐུབ་གཏོང་དགོས།

གསུམ། གསར་འགྱུར་ཆེད་ལས་ཀྱི་བྱང་ཚད་ངེས་ཅན་ལྡན་དགོས་པ

རླུང་འཕྲིན་གྱི་གཙོ་སྐྱོང་བ་ཞིག་ལ་མཚོན་ན་ལེ་ཚན་སྙན་སྒྲོན་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། སྙན་སྒྲོན་ཡག་པོ་བྱེད་ཐུབ་མིན་དེ་མ་རྩོམ་ཧྲིལ་པོའི་ཚིག་དོན་གསལ་པོར་རྟོགས་མིན་དང་ཁོང་དུ་ཆུད་ཡོད་མེད་དང་འབྲེལ་བ་ཡོད། དེ་བས་མ་རྩོམ་གྱི་ནང་དོན་མི་འདྲ་བར་གཞིགས་ཏེ་སྐད་ཆའི་སྒྱུ་རྩལ་གྱི་ཉམས་སྣང་མི་འདྲ་བར་འདོན་རྒྱུར་སྔོན་ནས་གྲ་སྒྲིག་བྱ་དགོས་པ་སྟེ། གཅིག་ནས་རླུང་འཕྲིན་གཙོ་སྐྱོང་བའི་ལེ་ཚན་ལ་གསར་འགྱུར་ཁོ་ན་མ་ཡིན་པར་ད་དུང་ཆེད་སྒྲིག་ལེ་ཚན་སྣ་ཚོགས་ཡོད། གསར་འགྱུར་དང་ཆེད་སྒྲིག་ལེ་ཚན་སྙན་སྒྲོན་བྱེད་སྟངས་མི་འདྲ་ལ་ཆེད་སྒྲིག་ལེ་ཚན་དང་ལེ་ཚན་གཞན་དག་སྙན་སྒྲོན་བྱེད་སྟངས་ཀྱང་མི་འདྲ་སྟེ། དཔེར་ན། སྒྲ་དག་ཅིང་ཚིག་འགྲོས་ཅུང་མྱུར་ལ་ཚིག་ལྷག་མེད་པ་བཅས་ནི་གསར་འགྱུར་གྱི་ཁྱད་ཆོས་དང་། སྐད་གདངས་ཅུང་ལྷོད་ཅིང་ཉམས་འགྱུར་སྣ་ཚོགས་ལྡན་པ་ནི་རྩོམ་རིག་དང་ཆེད་སྒྲིག་ལེ་ཚན་གྱི་ཁྱད་ཆོས་ཡིན་པས། དེ་དག་སོ་སོར་འཚམས་པའི་སྐད་ཆའི་སྒྱུ་རྩལ་གྱི་ཉམས་སྣང་འདོན་པའི་ཐད་ནས་རླུང་འཕྲིན་གཙོ་སྐྱོང་བར་གདེང་ཚོད་དང་གྲ་སྒྲིག་ལེགས་པོ་ཡོད་དགོས། གཉིས་ནས་ལེ་ཚན་གཙོ་སྐྱོང་བའི་སྐད་བརྡ་ཚད་དང་ལྡན་ཞིང་ཡང་དག་པ་ཡིན་དགོས། རླུང་འཕྲིན་གཙོ་སྐྱོང་བ་ལ་ལས་དུས་རྒྱུན་གྱི་འཚོ་བའི་ཁྲོད་རང་ཉིད་ཀྱི་བྱ་སྤྱོད་དང་སྣང་བརྙན་ལ་དོ་སྣང་མི་བྱེད་པར་ཚད་ལྡན་མིན་པའི་སྐད་ཆ་ཤོད་རྒྱུ་རྒྱུན་འབྱམས་སུ་སོང་བས། རང་འཁྲིའི་ལས་ཀའི་ནང་དེ་དག་ཡོ་བསྲང་བྱེད་མི་ཐུབ་པར་ཚིག་རྙོག་འདྲ་མིན་ཐལ་འགྲོ་བས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་གཏམ་སྤྱོད་ལ་དོ་སྣང་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ།

བཞི། རིག་གནས་ཀྱི་བྱང་ཚད་ངེས་ཅན་ལྡན་དགོས་པ།

རིག་གནས་ནི་ནམ་ཡང་མིའི་རིགས་ཀྱི་འཚོ་བའི་སྲོག་ཤིང་ཡིན་ལ། རིག་གནས་ཀྱི་ཆུ་ཚད་དམན་པའི་རླུང་འཕྲིན་གཙོ་སྐྱོང་བ་ཞིག་གི་ལེ་ཚན་ལ་མི་རྣམས་ལྟ་འདོད་དང་ཉན་འདོད་མེད་པ་ཀུན་གྱི་ཤེས་གསལ་ལྟར་རེད། རླུང་འཕྲིན་གཙོ་སྐྱོང་བ་ཞིག་ཡིན་ན། ངེས་པར་དུ་སྣ་འཛོམས་རང་བཞིན་གྱི་ཤེས་ལྡན་མི་སྣ་ཞིག་ཀྱང་ཡིན་དགོས། སྣ་འཛོམས་རང་བཞིན་གྱི་ཤེས་ལྡན་མི་སྣ་ཞིག་ཡིན་དགོས་ན་རྩོམ་རིག་དང་སྐད་བརྡ་རིག་པ། ལོ་རྒྱུས་རིག་པ། ས་གཤིས་རིག་པ། སེམས་ཁམས་རིག་པ། ད་དུང་སྤྱི་ཚོགས་རིག་པ་དང་རང་བྱུང་ཚན་རིག་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་ཡོད་ཚད་ལ་བྱང་ཆ་ཅུང་མཐོན་པོ་ཞིག་ཡོད་དགོས། རླུང་འཕྲིན་གཙོ་སྐྱོང་བར་ཚང་དགོས་པའི་ཤེས་བྱ་དེ་ཆེད་ལས་ཀྱི་ཤེས་བྱ་ཁོ་ན་མ་ཡིན་པར་ཕྱོགས་བསྡུས་རང་བཞིན་གྱི་སྣ་མང་ཤེས་བྱ་ཡིན། དེ་བས་རིག་གནས་ཀྱི་ཆུ་ཚད་ནི་ཡོད་ཚད་ཀྱི་རྨང་གཞི་ཡིན་ཏེ། ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་འཛོམས་པོ་ཡོད་ཚེ། ད་གཟོད་ཏང་གི་བྱེད་ཕྱོགས་སྲིད་ཇུས་ལ་གོ་བ་གཏིང་ཟབ་བླངས་ནས་རང་ཉིད་ཀྱི་ཆབ་སྲིད་བྱང་ཚད་ཀྱང་ཇེ་མཐོར་གཏོང་ཐུབ་ལ། ཆེད་ལས་བྱང་ཚད་ཀྱང་དེ་བསྟུན་གྱིས་ཇེ་མཐོར་གཏོང་ཐུབ་པ་དང་། དེ་དང་མཉམ་དུ་ལེ་ཚན་གྱི་སྤུས་ཚད་ཀྱང་ཇེ་མཐོར་གཏོང་ཐུབ་པས། དུས་རྒྱུན་དུ་རང་ཉིད་ཀྱི་རིག་གནས་རྨང་གཞི་བརྟན་དུ་གཏོང་བ་དང་། སྣ་མང་རིག་གནས་སྦྱོང་བར་འབད་བརྩོན་ལྷོད་མེད་བྱ་དགོས།  །