པོ་ཏ་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་པའི་འགོ་བརྩམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་བ་3པའི་ཚེས་24ཉིན། སེམས་ཀྱི་ཉི་ཟླའི་པོ་ཏ་མཚོ་ལྗོངས་ཁུལ་ཕྱི་ཕྱོགས་སུ་དངོས་སུ་སྒོ་ཕྱེས་ཤིང་། ཉིན་དེར་བརྡ་འཕྲིན་འབྱོར་བའི་ཡུལ་སྐོར་བ་115གནས་འདིར་ཡུལ་སྐོར་དུ་ཡོང་ཡོད་དེ། པོ་ཏ་མཚོའི་དཔྱིད་ཀའི་མཛེས་ལྗོངས་ལ་ལྟ་སྐོར་དང་སྤྲོ་གསེང་བྱེད་བཞིན་ཡོད་པ་རེད།

        མཛེས་ལྗོངས་ཁུལ་དུ་བསྐྱོད་སྐབས་དྲོད་འཇམ་གྱི་རླུང་ལྡང་བ་ཡོང་ལ། ལྗོངས་ཁུལ་གྱི་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པོ་ཡོད། སྤ་སེ་འཚོང་ཁང་དང་མཛེས་ལྗོངས་ཁུལ་གྱི་འཛུལ་སྒོར་ལས་དོན་མི་སྣས་གོ་རིམ་ལྡན་པའི་ངང་ཡུལ་སྐོར་བར་ལུས་པོའི་དྲོད་ཚད་འཇལ་བ་དང་ཨང་བཤེར་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད། དེ་མིན་ཡུལ་སྐོར་བར་ཁ་གཏུམ་གྱོན་ནས་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ལ། ཚོང་སྒྲོམ་ཐོག་ལག་པ་བཀྲུ་མི་དགོས་པའི་དུག་སེལ་གཤེར་ཁུ་དང་ཁ་གཏུམ་སོགས་བཞག་ཡོད་དེ་དགོས་མཁོ་ཡོད་པའི་ཡུལ་སྐོར་བས་སྤྱོད་ཆོག་པ་བྱས་འདུག ལྗོངས་ཁུལ་གྱི་དོ་དམ་ཚོད་འཛིན་ལུགས་མཐུན་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ནས་མཛེས་ལྗོངས་ཁུལ་གྱི་ལས་སྒོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད། ལྗོངས་ཁུལ་གྱིས་ལས་སྒོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ལས་ཀའི་ཇུས་གཞི་བཟོས་ཤིང་ཡུལ་སྐོར་བ་སྣེ་ལེན་བྱས་པའི་ཉིན་ནས་བཟུང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མཇུག་འགྲིལ་བའི་བར་དུ། ཉིན་ལྟར་ཡུལ་སྐོར་བ་500ལས་སྣེ་ལེན་མི་བྱེད་པའི་ཚོད་འཛིན་བྱས་ཡོད་ལ། པོ་ཏ་མཚོའི་མཛེས་ལྗོངས་ཁུལ་དུ་སྐྱོད་མཁན་ཡུལ་སྐོར་བ་ཚང་མས་ངེས་པར་དུ་ཁ་གཏུམ་རྒྱག་པ། ཡུན་ནན་གྱི་བདེ་ཐང་ཨང་རྟགས་བཤེར་བ། ལུས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་བྱེད་པ། དངོས་མིང་འགོད་བྱེད་པ་བཅས་ཀྱི་ལམ་ལུགས་ལག་བསྟར་བྱས་ཡོད་པ་རེད།

        གཞན་ཡང་མཛེས་ལྗོངས་ཁུལ་དུ་ད་དུང་དུག་སེལ་ཚོགས་ཆུང་བཙུགས་ནས་ཉིན་ལྟར་སྤྱི་པའི་ས་ཁོངས་སུ་དུག་སེལ་ཐེངས་གསུམ་བྱེད་བཞིན་ཡོད་ལ། ར་སྐོར་ནང་གི་ལྟ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་50ཡི་ནང་མི་20ཡས་མས་རེ་མ་གཏོགས་འདུག་མི་ཆོག་པ་བྱས་ཏེ་སྡོད་ས་སྟོང་པ་50%ཡན་ཟིན་རྒྱུ་འགན་ལེན་བྱས་འདུག ཡུལ་སྐོར་བ་རླངས་འཁོར་ནང་བསྡད་རྗེས་འགྲུལ་བའི་བར་མཚམས་གཅོད་ནས་སྡོད་དགོས་པའི་དྲན་སྐུལ་བྱེད་བཞིན་ཡོད་ལ། ལྟ་སྐོར་རླངས་འཁོར་རེར་འགྲུལ་བ་འདུག་པའི་སྔ་རྗེས་སུ་ཆེད་མངགས་ལས་དོན་མི་སྣས་འཁོར་སྟེགས་ཀྱི་ལག་སྐྱོར་དང་འཁོར་སྒྲོམ་སོགས་ཡུལ་སྐོར་བའི་འབྲེལ་གཏུག་བྱ་ཡུལ་དུ་དུག་སེལ་བྱེད་པ་དང་ཆབས་ཅིག་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བ། དུག་སེལ་སོགས་ཀྱི་ལས་དོན་བསྒྲུབས་རྗེས་གཞི་ནས་འགྲུལ་བ་རླངས་འཁོར་ནང་སྡོད་ཆོག་པ་རེད། 

        ཤེས་རྟོགས་བྱུང་བར་གཞིགས་ན། མཛེས་ལྗོངས་ཁུལ་གྱི་སྒོ་ཕྱེ་བའི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད་8:30ནས་ཕྱི་དྲོའི་ཆུ་ཚོད་16:00བར་ཡིན་པ་དང་། ཚེས་24ཉིན་ནས་བཟུང་མཛེས་ལྗོངས་ཁུལ་གྱིས་སྤ་སེ50%གཅོག་རྒྱུའི་གཟིགས་སྐྱོང་སྲིད་ཇུས(མཛེས་ལྗོངས་ཁུལ་གྱི་ལྟ་སྐོར་རླངས་འཁོར་གྱི་རིན་པ་ཚུད་མེད)ཡོད་པ་རེད། རྒྱལ་ཡོངས་ཀྱི་སྨན་དོན་མི་སྣས་རང་ཉིད་ཀྱི་སྨན་པའི་ལག་ཁྱེར་དང་། ནད་སྐྱོང་པའི་ལག་ཁྱེར། ནད་གཡོག་གི་ལག་ཁྱེར་སོགས་གོ་ཆོད་ལག་ཁྱེར་ལ་སོགས་ལ་བརྟེན་ནས་སྤ་སེ་མི་དགོས་པར་པོ་ཏ་མཚོའི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་ཆོག་པའི་དམིགས་གསལ་ཡོད་པ་རེད།