ཏོག་གསར་ནད་དུག་གི་འབྱུང་ཁུངས་གང་ཡིན་ནམ།ཆེད་མཁས་པས་འདི་ལྟར་བཤད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-12   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། ཏོག་གསར་ནད་དུག་དེའི་འབྱུང་ཁུངས་དང་། ཁྱབ་ཚུལ། རིམ་འགྱུར་བཅས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་མང་པོ་ཞིག་གིས་མིག་སྔའི་དཔང་རྟགས་ལ་གཞིགས་ན། ཏོག་གསར་ནད་དུག་དེ་གང་ནས་བྱུང་བ་གཏན་འཁེལ་བྱེད་ཐབས་བྲལ་ཞེས་བཤད་ཡོད།

        1 ཁྱབ་མཆེད་གོ་རིམ་“འཕྲོད་སྦྱོར་”བྱུང་མེད་པ།  

        ཏོག་གསར་ནད་དུག་དེ་མིའི་རིགས་ཀྱི་ཁྲོད་དུ་ཇི་ལྟར་མཆེད་མགོ་བརྩམས་པ་ཡིན་ནམ། ཆེས་ཐོག་མར་སྙན་ཞུ་བྱས་པའི་ནད་དཔེ་ལ་བལྟས་ན། ཝུའུ་ཧན་གྱི་ཧྭ་ནན་མཚོ་ཟས་ཁྲོམ་ར་ནི་སྐབས་ཤིག་རིང་རིམས་ནད་ཐོན་ཡུལ་དུ་ངོས་འཛིན་བྱས་པ་རེད།

        འོན་ཀྱང་དབྱིན་ཇིའི《ལིའུ་ཡེ་ཏའོ》དུས་དེབ་ཐོག་ཟླ་དང་པོར་བཀོད་པའི་དཔྱད་རྩོམ་ཞིག་གི་ནང་། ཝུའུ་ཧན་ཅིན་དབྱིན་ཐན་སྨན་ཁང་གི་འགོ་འཛིན་གཞོན་པ་ཧོང་ཁྲའོ་ལིན་སོགས་ཀྱིས་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཁག་དང་པོ་སྟེ་ཏོག་གསར་གློ་ཚད་ཅན་41ལ་དབྱེ་ཞིབ་བྱས་པ་དང་། དེའི་ནང་ནས་ནད་པ་27ཧྭ་ནན་མཚོ་ཟས་ཁྲོམ་རར་འགྲོ་མྱོང་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཕུགས་འདེད་ཞིབ་འཇུག་བྱས་པ་ལྟར་ན་ཆེས་ཐོག་མར་ནད་ངོ་ཟིན་པའི་ནད་པ་དང་པོར་2019ལོའི་ཟླ་12ཚེས་1ཉིན་ནད་ཕོག་ཡོད་ལ། ཧྭ་ནན་མཚོ་ཟས་ཁྲོམ་རར་འགྲོ་མྱོང་མེད་པ་མ་ཟད། དེ་རྗེས་ཀྱི་ནད་གཞི་གཏན་འཁེལ་བྱུང་བའི་ནད་པ་དང་ནད་ཡམས་རིག་པའི་འབྲེལ་བ་མེད་ལ། ཁོའི་ནང་མི་ལའང་ཚ་རྒྱག་པ་དང་དབུགས་ལམ་གྱི་ནད་རྟགས་ཐོན་མྱོང་མེད་པའི་ངོས་འཛིན་བྱས་པ་རེད།

        ཨ་རིའི《ཚན་རིག》དུས་དེབ་དྲ་ཚིགས་ཀྱིས་སྤེལ་བའི་འབྲེལ་ཡོད་གནས་ཚུལ་ལྟར་ན། ཨ་རིའི་སི་ཁེ་ལི་ཕུའུ་སི་ཞིབ་འཇུག་ཁང་གི་སྐྱེ་དངོས་རིག་པ་བ་ཁེ་ལི་སི་ཏི་ཨན་·ཨན་ཏེ་སེན་གྱིས། ཏོག་གསར་ནད་དུག་ཧྭ་ནན་མཚོ་ཟས་ཁྲོམ་རར་མཆེད་ཚུལ་རིགས་གསུམ་ཡོད་དེ། ནད་པ་གཅིག་དང་། སྲོག་ཆགས་གཅིག ཡང་ན་སྲོག་ཆགས་ཁྱུ་གཅིག་བཅས་ཀྱིས་ཁྲོམ་ར་དེར་འཁྱེར་ཡོང་བ་ཡིན་ཤས་ཆེ་ཞེས་བཤད།

        ཆེད་མཁས་པ་མང་པོ་དང་དེ་བཞིན་ཞིབ་འཇུག་རྣམ་གྲངས་མང་པོས་གོང་གསལ་གྱི་ལྟ་བར་རྒྱབ་སྐྱོར་བྱས་ཡོད། “ནད་དུག་རྔོན་པ”ཞེས་འབོད་པའི་ཨ་རིའི་ཁོ་ལོམ་པི་ཡ་སློབ་ཆེན་གྱི་མེའར་མན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་དགེ་རྒན་ཆེན་མོ་ཝུའེ་ཐེ་·དབྱི་ཨེན་·ལི་ཕུའུ་ཅིན་གྱིས། ཏོག་གསར་ནད་དུག་དང་ཧྭ་ནན་མཚོ་ཟས་ཁྲོམ་རའི་དབར་གྱི་འབྲེལ་བ་དེ་ཙམ་ཐད་ཀར་མིན་པ་དང་། ཁྲོམ་ར་དེ་རུ“ཁྱབ་སྤེལ་ཐེངས་གཉིས་པ”བྱུང་བ་ཡིན་པ་དང་། ནད་དུག་དེ་སྔ་ཙམ་ནས་ཁྱབ་འགོ་ཚུགས་ཡོད་ཤས་ཆེ་ཞེས་བརྗོད།

        ཀྲུང་གོ་ཚན་རིག་གླིང་གི་ཤིས་ཧྲོང་པན་ན་ཚ་ཁུལ་རྩི་ཤིང་ར་བ་སོགས་ལས་ཁུངས་ཀྱི་ཞིབ་འཇུག་མི་སྣས་ཉེ་ཆར་སྔོན་གྲབས་པར་དེབ་ཀྱི་རྣམ་པའི་ཐོག་ནས་དཔྱད་རྩོམ་སྤེལ་ནས། ཁོང་ཚོས་གླིང་ཆེན་བཞིའི་རྒྱལ་ཁབ་12ཀྱི་ཏོག་གསར་ནད་དུག་གི་དམར་དཔེ་93གྱི་རྒྱུད་རྒྱུ་ཚོགས་ཆུང་གི་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་ན། དེའི་ནང་ལྡབ་རྐྱང་རྣམ་པ་ཅན་58ཡོད་པ་ཤེས་རྟོགས་བྱུང་ཡོད། ཧྭ་ནན་མཚོ་ཟས་ཁྲོམ་ར་དང་འབྲེལ་བ་ཡོད་པའི་ནད་པའི་མ་དཔེའི་ལྡབ་རྐྱང་རྣམ་པ་ནི་H1གམ་ཡང་ན་དེའི་མཆེད་སྐྱེས་རྣམ་པ་ཡིན་ཞིང་། H3དང་། H13 H38སོགས་ཀྱི་ལྡབ་རྐྱང་རྣམ་པ་སྔ་ཤོས་ཁག་ནི་མཚོ་ཟས་ཁྲོམ་ར་མིན་པའི་ས་ནས་ཐོན་ཡོད་པས། ཧྭ་ནན་མཚོ་ཟས་ཁྲོམ་རའི་ཏོག་གསར་ནད་དུག་དེ་ས་ཆ་གཞན་ནས་ཐོན་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད།

        ཏོག་གསར་ནད་མཆེད་པའི་བརྒྱུད་རིམ་འཕྲོད་སྦྱོར་འབྱུང་དགོས་ན། ཚན་རིག་པ་ཚོ་ལ་ད་དུང་བདེན་དཔང་ཁ་ཤས་ཆད་ཡོད་པ་དང་། དེའི་ནང་གི་ཆེས་འགག་རྩ་ནི“ནད་པ་ཀླད་ཀོར་པ”ཞེས་བརྗོད་པའི་ནད་པ་ཐོག་མ་དེ་རེད། “ནད་པ་ཀླད་ཀོར་པ”ནི་དོགས་གཞི་མང་པོའི་འབྲེལ་མཚམས་ཤིག་ཡིན་པས། རྟེན་གནས་བར་མ་འཚོལ་བ་དང་ནད་དུག་ཇི་ལྟར་བྱས་ནས་སྲོག་ཆགས་ལས་མིའི་རིགས་ལ་མཆེད་པ་སོགས་ཀྱི་དོགས་གནད་ལ་འགྲེལ་བཤད་རྒྱག་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

        སྐད་གྲགས་ཆེ་བའི་དཔེ་མཚོན་ཞིག་ཡོད་པ་ནི་ལོ་བརྒྱའི་གོང་དུ་ཕལ་ཆེར་གོ་ལ་ཧྲིལ་པོའི་མི་ཁྲི་སྟོང་མང་པོ་རྐྱེན་ལམ་དུ་ཤོར་བའི“སི་ཕེན་གྱི་ཆམ་རིམས”དེ་ཡིན་པ་དང་། རིམས་ནད་དེ་ནི་སི་ཕེན་གྱིས་ཆེས་ཐོག་མར་བསྒྲགས་གཏོང་བྱས་པ་ཡིན་པས་མིང་ཡང་དེ་ལྟར་ཐོགས་པ་ཞིག་ཡིན་མོད། འོན་ཀྱང་ཕྱིས་སུ་ཁུངས་འདེད་རང་བཞིན་གྱི་ཞིབ་འཇུག་བྱས་པ་ལས། ནད་པ་ཐོག་མ་དེ་ཨ་རིའི་ཁན་ས་སི་མངའ་སྡེའི་དམག་སྒར་ནས་ཡོང་བའི་དམག་མི་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་རེད།

        ཨ་རིའི་ཇོར་ཀྲི་ཏུན་སློབ་ཆེན་གྱི་འགོ་ནད་ཆེད་མཁས་པ་ཏན་ཉིར་ལུའུ་ཤིས་ཀྱིས། ནད་དུག་བག་ཉལ་དུས་སྐབས་སོགས་རྒྱུ་རྐྱེན་ལ་བསམ་བློ་བཏང་ཚེ། ཏོག་གསར་ནད་དུག་འགོས་པའི་ནད་པ་ཨང་དང་པོ་དེ་2019ལོའི་ཟླ་11པའམ་ཡང་ན་དེ་ལས་སྔ་ཙམ་ནས་ཐོན་ཡོད་ཤས་ཆེ་ཞེས་བརྗོད།

        ཏོག་གསར་ནད་དུག་འཛམ་གླིང་ཡོངས་སུ་མཆེད་པ་ལ་བལྟས་ན། ཏོག་གསར་གློ་ཚད་ཀྱི་ནད་དཔེ་མང་ཆེ་བའི་འགོས་ནད་འབྱུང་ཁུངས་ལ་རྗེས་སྙེག་བྱེད་ཐུབ་མོད། འོན་ཀྱང་ཨ་རི་སོགས་རྒྱལ་ཁབ་ཀྱིས་ཁུངས་འདེད་བྱེད་ཐབས་བྲལ་བའི་ནད་དཔེ་མི་ཉུང་བ་ཞིག་སྙན་ཞུ་བྱས་ཡོད། རིམས་ནད་ཉིན་རེ་བཞིན་ཚབས་ཆེ་རུ་འགྲོ་བཞིན་པའི་དབྱི་ཐ་ལིར་རྒྱལ་ནང་གི“ནད་པ་ཀླད་ཀོར་པ”ད་བར་རྙེད་མེད།

        2 ནད་དུག་ཕུགས་འདེད་ལས་དོན་ད་དུང་འགྲུབ་མེད།

        ཏོག་གསར་ནད་དུག་ནི་སྲོག་ཆགས་ལས་བྱུང་བ་ཡིན་པ་དང་། དེ་མི་ལུས་སུ་མ་ཞུགས་གོང་རང་བྱུང་ཁམས་སུ་ཇི་ལྟར་འཚོ་གནས་འཕེལ་འགྱུར་བྱས་པ་ཡིན་ནམ། ཀྲུང་གོ་ཚན་རིག་གླིང་གི་ཝུའུ་ཧན་ནད་དུག་ཞིབ་འཇུག་ཁང་སོགས་ལས་ཁུངས་ཀྱི་ཞིབ་འཇུག་མི་སྣས། ཟླ་གཉིས་པར་དབྱིན་ཇིའི《རང་བྱུང》དུས་དེབ་ཐོག་དཔྱད་རྩོམ་སྤེལ་ནས། ཁོང་ཚོས་ཏོག་གསར་ནད་དུག་དང་ཕ་ཝང་གི་ལུས་ཐོག་གི་ཏོག་དབྱིབས་ནད་དུག་གཅིག(བསྡུས་མིང་ལ་TG13)རྒྱུད་རིམ་གཅིག་མཐུན་ཚད་96%ཟིན་ཡོད། TG13ནི་ད་ལྟའི་བར་དུ་ཤེས་རྟོགས་ཟིན་པའི་ཏོག་གསར་ནད་དུག་གི་རྒྱུད་རྒྱུ་དང་ཆེས་འདྲ་བའི་དུག་སྡོང་ཞིག་ཡིན་པས། ཕ་ཝང་ནི་ཏོག་གསར་ནད་དུག་གི་རང་བྱུང་ཁམས་ཀྱི་རྟེན་ཡུལ་ཡིན་ཤས་ཆེ་ཞེས་བརྗོད་ཡོད།

        ད་དུང་ཞིབ་འཇུག་གཞན་པ་ཁ་ཤས་ཀྱིས་གསར་རྙེད་བྱུང་བ་ལྟར་ན། ཏོག་གསར་ནད་དུག་དང་ན་གིའི་ལུས་ཐོག་གི་ཏོག་དབྱིབས་ནད་དུག་གི་རྒྱུད་རྒྱུ་རིམ་སྟར་ལ་འདྲ་མཚུངས་རང་བཞིན་ལྡན་པ་དང་། ལྷག་པར་དུ་ནད་དུག་ཕྲ་ཕུང་དུ་ཞུགས་ཆོག་པའི་ལེན་གཟུགས་འབྲེལ་འདྲེས་ཁྱབ་ཁོངས་སུ་ཧ་ཅང་ཉེ་བ་རེད། དེའི་ཐོག་ནས་ཏོག་གསར་ནད་དུག་འཕེལ་འགྱུར་བྱུང་བའི་བརྒྱུད་རིམ་ཁྲོད། TG13ནི་ན་གིའི་ལུས་ཐོག་གི་ཏོག་དབྱིབས་ནད་དུག་དབར་བསྐྱར་སྒྲིག་བྱེད་སྲིད་པ་མཚོན་ཡོད།

        འབྲེལ་ཡོད་ཞིབ་འཇུག་གིས་ཁུངས་སྣེ་མཁོ་འདོན་བྱས་ཡོད་ནའང་། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་གྱི་ཆེད་མཁས་པ་མང་པོ་ཞིག་གིས། ཏོག་གསར་ནད་དུག་གི་འབྱུང་ཁུངས་དང་དེ་བཞིན་རྟེན་གནས་བར་མ་སོགས་ད་དུང་གཏན་འཁེལ་བྱེད་དཀའ་བས། ནད་དུག་ཁུངས་འདེད་བྱེད་པར་དུས་ཚོད་དེ་བས་རིང་བ་དགོས་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།

        དབྱིན་ཇིའི་ནོར་ཏུན་ཧན་སློབ་ཆེན་གྱི་ཆ་རྡུལ་ནད་དུག་རིག་པའི་དགེ་རྒན་ཆེ་མོ་བ་ཆའོ་ན་སེན་པའོ་ཨེར་གྱིས། མིའི་རིགས་ཀྱི་ཏོག་གསར་ནད་དུག་དང་ན་གའི་དབར་གྱི་འབྲེལ་བ་ནི་སྔར་བཞིན“འདྲི་རྟགས་ཆུང་ཆུང”ཞིག་ཡིན་པ་དང་། མིག་སྔར་ད་དུང་ནད་དུག་ཡོང་ཁུངས་ཀྱི་མཇུག་འབྲས་ཡང་དག་ཐོབ་མེད། འོན་ཀྱང་གལ་ཏེ་ཁུངས་སྣེ་ཐན་ཐུན་ཚང་མ་མཉམ་དུ་བཞག་ན། དེ་དག་གིས་ནད་དུག་འདི་ནི་སྲོག་ཆགས་ལས་མཆེད་པ་ཡིན་པ་བསྟན་ཡོད་ཅེས་བཤད།

        ཨ་རིའི་ཁོ་ལོ་ལ་ཏོ་མངའ་སྡེའི་སློབ་ཆེན་གྱི་ཕྱུགས་རིགས་སྨན་པ་དང་སྐྱེ་དངོས་གསོ་རིག་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཁྲ་ལི་·ཁ་ལི་ཧྲེ་ཡིས། ཁོང་གིས་ཏོག་གསར་ནད་དུག་གི་ཡོང་ཁུངས་ལ་གྲོས་བསྡུར་བྱེད་པར་སྒོ་འབྱེད་ཀྱི་རྣམ་འགྱུར་འཛིན་གྱི་ཡོད། བསྡོམས་ཚིག་བཀོད་པར་ཚན་རིག་དང་མཐུན་པའི་གཞི་གྲངས་ཀྱི་རྒྱབ་སྐྱོར་བྱེད་དགོས་པ་ལས་ཚོད་དཔག་ཙམ་མ་ཡིན་ཞེས་བཤད།

        ཨ་རིའི་ཨའེ་ཨའོ་ཝ་སློབ་ཆེན་གྱི་སྐྱེ་དངོས་ཕྲ་རབ་རིག་པ་དང་རིམས་འགོག་རིག་པའི་དགེ་རྒན་ཆེན་མོ་སི་ཐན་ལི་·པོར་མན་གྱིས། ཏོག་གསར་ནད་དུག་གི་རྟེན་གནས་བར་མ་ཡིན་པའི་སྲོག་ཆགས་ནི་ཀྲུང་གོ་མ་ཡིན་པའི་ས་ཆ་གཞན་ནས་ཡོང་བ་ཡིན་ཤས་ཆེ་བས། དཔེར་ན་ལྐོག་ཚོང་བརྒྱབ་པའི་ན་གི་སོགས་ལྟ་བུའི་སྲོག་ཆགས་རེད་ཅེས་བཤད།

        ཟླ་2པའི་ཟླ་མཇུག་ཏུ་ཁྱབ་བསྒྲགས་བྱས་པའི《ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་ནད(COVID-19)མཉམ་འབྲེལ་རྟོག་ཞིབ་སྙན་ཞུའི》ནང་། “ད་ཡོད་ཤེས་བྱའི་བཀག་རྒྱའི”གནད་དོན་ནང“ནད་དུག་གི་སྲོག་ཆགས་འབྱུང་ཁུངས་དང་རང་བྱུང་རྟེན་གནས”དང་། “ཐོག་མའི་དུས་མཚམས་ཀྱི་སྲོག་ཆགས་ནས་མིའི་རིགས་ལ་འགོས་པའི་བརྒྱུད་རིམ།”“སྔ་དུས་ལོ་རྒྱུས་གསལ་པོ་མེད་པའི་ནད་དཔེ”སོགས་ཚུད་ཡོད།

        གོ་ལ་ཧྲིལ་པོར་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པ་དང་། དོགས་འདྲི་མང་པོ་ཞིག་ད་དུང་རྒྱལ་ཁབ་ཁག་གི་ཚན་ཞིབ་མི་སྣས་ལག་གདང་སྦྲེལ་ནས་ལན་འདེབས་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཐན་ཏེ་སའེ་ཡིས་ཉིན་ཤས་གོང་བསྟན་པ་ལྟར། གོ་ལ་ཧྲིལ་པོས་མཉམ་གཅིག་ཏུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་པའི་སྐབས་འདིར། “དོན་དངོས་དགོས་པ་ལས་འཇིགས་སྣང་མིན།” “ཚན་རིག་དགོས་པ་ལས་དཀྲོག་གཏམ་མིན།” “མཐུན་སྒྲིལ་དགོས་པ་ལས་སྡིག་ཚིག་མིན།”