ཁྲུང་ཁྲུང་དཀར་པོས་ཞབས་བྲོ་འཁྲབ་པ།

རྩོམ་པ་པོ།   པདྨ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2020-03-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དའི་དུས་སུ་རི་མཐོ་སར་དྲོ་ཀླུང་ཡོང་པས་སེམས་ཀྱི་ཉི་ཟླའི་ནགས་ཕག་མཚོར་བྱ་རིགས་མང་པོ་འཛོམས་ཡོད་པ་དང་། ཁྲུང་ཁྲུང་དཀར་པོ་ནི་བྱ་རིགས་ནང་ཆེ་ཤོས་ཡིན་པ། ཁོང་ཚོས་ཕར་ཚུར་བར་དུ་བརྩེ་དུང་གི་མེ་ཏོག་ཐོག་མར་ཁ་ཕྱེས་ཤིང་། ལྡེམ་ལྡེམ་འཁྱུག་འཁྱུག་གིས་དགའ་བའི་ཞབས་བྲོ་འཁྲབ་ཅིང་། མཛེས་སྡུག་གི་རྣམ་པ་དེས་ས་ཆ་དེར་ཁེངས་ཡོད་པ་རེད།

        བྱ་དེ་ཁྲུང་ཁྲུང་དཀར་པོའི་གནའ་གཏམ་དེ་ཡིག་ཐོག་དང་དམངས་ཁྲོད་དུ་མང་པོ་བཤད་རྒྱུ་ཡོད་པ་འདུག  དཔེར་ན་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་དང་གསང་བའི་རྣམ་ཐར་ཞེས་པའི་ནང་དུ་བྱ་དེ་ཁྲུང་ཁྲུང་དཀར་པོ། ང་ལ་གཤོག་རྩལ་གཡར་དང་། ཐག་རིང་རྒྱང་ནས་མི་འགྲོ   ལི་ཐང་བསྐོར་ནས་སླེབས་ཡོང་དེ་འདྲ་བཀོད་ཡོད་པ་རེད།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་དམངས་ཁྲོད་དུ་ཟླ་བ་སུམ་པའི་ཚེས་སུམ་ཡར་འགྲོ  ཟླ་བ་དགུ་པའི་ཚེས་དགུ་མར་ཡོང་ཞེས་པའི་གནའ་གཏམ་དེ་ཁྱབ་ཡོད་པ།  དེ་ནི་ཁྲུང་ཁྲུང་དཀར་པོ་དང་ས་ཆ་དེའི་ཡུལ་མི་རྣམས་ལ་མནའ་བཞག་བའི་མནའ་ཚིག་ཡིན་པ་སྟེ། གནའ་སྔ་མོ་གནའ་སྔ་མོར།  བོད་ཟླ་སུམ་པར་རྒྱལ་ཐང་ས་ཆར་ལོ་ཏོག་ནས་འདེབས་སྲོལ་ཡོད་པ་དང་། དུས་དེར་ཁྲུང་ཁྲུང་དཀར་པོས་ཡར་མཐོ་སར་མི་འགྲོ་ན་ནས་ཞིང་ནང་འདེབས་ཡོད་པའི་ནས་ཀྱི་ས་བོན་ཚང་མ་ཟས་སོང་བ་ལ།  གཏོར་བརླག་ཧ་ཅང་ཆེ་བས་ཡུལ་མི་རྣམས་ཀྱིས་ཁོང་ལ་བཙལ་ནས་བཀའ་མོལ་བྱེད་ཡོད་པ་དང་། ཟླ་བ་སུམ་པའི་ཚེས་སུམ་དུ་ཡུལ་མི་རྣམས་ཀྱིས་ནས་མི་འདེབས་གོང་ལ་ཡར་མཐོ་ས་འགྲོ་ན་ནས་ཞིང་ལ་གཏོར་བརླག་མ་གཏོང་བ་དང་།  ཟླ་བ་དགུ་པའི་ཚེས་དགུ་སླེབས་དུས་ལོ་ཏོག་བྱུང་ཐོན་ན་མར་ཡོང་པའི་མནའ་བཞག་ཡོད་པ་རེད།