གངས་རིའི་མེས་པོ་ཧི་མ་ལ་ཡ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-10   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

        རི་བོ་ཧི་མ་ལ་ཡ་ནི་འཛམ་གླིང་སྟེང་ཆེས་མཐོ་བའི་རི་བོ་ཞིགཡིན།  དེ་ཉིད་ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ཁྱིམ་མཚེས་རྒྱལ་ཁབ་པ་ཅི་སི་ཐན།  ཧིན་རྡུ།  ནི་པ་ལ།  འབྲས་ལྗོངས།  འབྲུག་ཡུལ་བཅས་ཀྱི་མཚམས་ན་གནས་ཡོད་པར་མ་ཟད།  ད་དུང་ཤར་ནས་ནུབ་བར་སྤྱི་ལེ2450ཙམ་དང་ལྷོ་ནས་བྱང་བར་སྤྱི་ལེ200ནས350ཙམ་ཡོད་པ་རེད།  རི་བོ་ཧི་མ་ལ་ཡའི་ཆགས་དབྱིབས་ནི་ཡུ་བ་ལྷོ་རུ་བསྟན་པའི་གཞུ་ཞིག་དང་ཀུན་ནས་འདྲ་ལ།  དེ་ནི་ས་ཤུན་འགུལ་སྐྱོད་ཀྱིས་ལྟེབ་རྩེག་ཐེབས་ནས་བྱུང་བའི་ཆགས་ཚུལ་རྙོག་འཛིང་ཆེ་བའི་རི་བོ་གསར་བ་ཞིག་ཡིན།

        དེ་ཡང་བྱང་ནས་ལྷོ་རུ་རི་བོ་ཁྲལ་ཟིག་དང་ལ་དྭགས་རི་བོ།  རི་བོ་ཧི་མ་ལ་ཡ་ཆེ་ཆུང་གཉིས།  རི་བོ་ཞི་བ་ལེག་བཅས་བཞི་ཡོད་པ་ལས།  རི་བོ་ཧི་མ་ལ་ཡ་ཆེ་བ་ནི་ཆེས་མཐོ་ཤོས་ཡིན།  ཆ་སྙོམས་བྱས་ན་རྒྱ་མཚོ་ངོས་ནས་སྨི6000ཙམ་གྱིས་མཐོ་བ་དང༌།  གྲོ་མོ་ནས་མ་ཏིང་ལ་ཁའི་བར་མཐོ་ཚད་ལ་སྨི8000ཡན་སོན་པའི་རི་རྩེ་བཅུ་ཙམ་གནས།  དེ་དག་གི་ནང་ནས་ཀྱང་རང་རྒྱལ་དང་ནེ་པ་ལའི་ས་མཚམས་སུ་ཆགས་པའི་རི་བོ་ཇོ་མོ་གླིང་མ་ནི་འཛམ་གླིང་གི་རི་རྩེ་མཐོན་པོ་ཨང་དང་པོ་ཡིན་ལ།  ལོ་ཧྲིལ་བོར་རི་རྩེ་གངས་ཀྱིས་ཁེབས་ཡོད་པ་རེད།  རི་བོ་དེའི་འཁྱག་རླུང་གི་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ1ཡོད་པདང༌།  གངས་མི་བཞུ་པའི་གནས་དེ་ལྷོ་ཕྱོགས་དམའ་ཞིང་བྱང་ཕྱོགས་མཐོ་བ་ཞིག་ཡིན།  རི་བོའི་ལྷོ་འདབས་སུ་ཆར་འབབ་ཞིང་སྨི1000མན་གྱི་ས་ཆ་ནི་ཚ་བ་ཆེ་བའི་ས་ཁུལ་གྱི་ཆར་དུས་ནགས་ཚལ་ཡིན།  རི་བོའི་བྱང་འདབས་ནི་གཙོ་བོ་རི་མཐོའི་རྩྭ་ཐང་ཡིན་ལ།  སྨི4100མན་གྱི་གྲོག་རོང་ལུང་གཞུང་ནི་སྡོང་ཐུང་ནགས་ཚལ་ཡིན་པས།  རི་ཁྲོད་ན་རྨ་བྱ་དང་དཔུང་རིང་སྤྲ།  དོམ།  གསའ།  གཙོད་ལ་སོགས་པའི་འདབ་ཆགས་དང་གཅན་གཟན།  རི་དྭགས་རྩ་ཆེན་སོགས་མང་པོ་འདུས་ཡོད་པར་མ་ཟད།  ད་དུང་གཏེར་ཁའང་འདྲ་མིན་སྣ་ཚོགས་ཡོད།