མིག་ནི་ཕུང་བོ་བདེ་ཐང་ཡིན་མིན་ལ་ལྟ་བའི་མེ་ལོང་ལྟ་བུ་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-03-10   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        རྩོམ་མཁན་རྣམས་ཀྱིས“མིག་ནི་སེམས་ཀྱི་སྒེའུ་ཁུང”ལ་ངོས་འཛིན་མོད།འོན་ཀྱང་གསོ་རིག་སྨྲ་བ་རྣམས་ཀྱིས“མིག་ནི་ཕུང་བོ་བདེ་ཐང་ཡིན་མིན་ལ་ལྟ་བའི་མེ་ལོང”དུ་ངོས་འཛིན།གལ་ཏེ་མེ་ལོང་འདི་བཀོལ་སྤྱོད་ལེགས་པོ་བྱེད་ཤེས་ན།ལུས་པོའི་སྟེང་གི་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་དག་གསལ་པོར་མཐོང་ཐུབ་པས།སྔ་མོ་ནས་སྨན་པར་བསྟེན་ཏེ་ནད་རིགས་ཡོད་ཚད་མགོ་ནས་བཅོམ་ཆོག

        གཅིག མིག་སྐྱི་དམར་པོར་གྱུར་པ།གལ་ཏེ་ཁྱོད་ཀྱི་མིག་སྐྱི་དམར་པོར་གྱུར་ན།དེ་ནི་ཆང་འཐུང་རྒྱུ་མང་དྲགས་པའི་རྐྱེན་གྱིས་རེད།རྒྱུ་མཚན་ནི་ཆང་བཅུད་ལ་མིག་གི་ཁྲག་རྩ་རྒྱས་བར་བྱེད་པའི་ནུས་པ་ཡོད་པས།གལ་ཏེ་ཁྱོད་ལ་མིག་སྐྱི་དམར་པོར་འགྱུར་བའི་གནས་ཚུལ་བྱུང་ན་ཆང་འཐུང་ཚད་ཇེ་ཉུང་དུ་གཏོང་དགོས།

        ཆུར་རྐྱལ་ནའང་མིག་སྐྱི་དམར་པོར་འགྱུར་སྲིད།མིག་སྐྱི་ལ་བསྟུད་མར་ཆུ་འཁྱག་གི་ཕོག་ཐུག་ཐེབས་ན།མིག་སྐྱིའི་ཁྲག་རྒྱས་ཏེ་དམར་པོར་འགྱུར་མོད།འོན་ཀྱང་མིག་སྐྱི་ཡུན་རིང་དུ་དམར་པོར་གྱུར་ན།དེ་ནི་ལུས་སྟེང་དུ་གཉན་ཚད་རྒྱས་པའམ་ཡང་ན་ནད་རིགས་གཞན་པ་ཡོད་པའི་རྟགས་ཡིན་པས་མྱུར་དུ་སྨན་པར་བསྟེན་དགོས།

        གཉིས། མིག་སྐྱིའི་ནང་ངོས་སྐྱ་བོར་གྱུར་པ།ལུས་ཟུངས་ཟད་པའི་མིའི་མིག་སྐྱིའི་ནང་ངོས་སྐྱ་བོ་ཡིན།བུད་མེད་རྣམས་ལ་མཚོན་ན།ཟླ་མཚན་འབབ་ཚད་མཐོ་བ་ལས་བྱུང་བ་ཡིན་པས་བཟའ་བཏུང་དོ་མཉམ་ཡོང་བར་མཉམ་འཇོག་དགོས་ལ།ལྕགས་རིགས་འདུས་ཚད་མཐོ་བའི་ཟས་རིགས་མང་དུ་བསྟེན་དགོས།

        གསུམ། མིག་འབྲས་དམར་པོར་གྱུར་པ།གལ་ཏེ་ཁྱོད་རང་མཚན་མོའི་གཉིད་མི་བདེ་བའམ་ཡང་ན་མཚན་བརྒལ་གྲངས་མང་ན་མིག་འབྲས་དམར་པོར་འགྱུར་སྲིད།དེ་ནི་ཁྲག་རྩ་ཕྲ་མོ་ཕྱིར་འབུར་བ་ལས་བྱུང་བ་ཡིན་ལ།མིག་སྐྱི་སྐྲངས་པའི་སྣང་ཚུལ་ཡང་འབྱུང་སྲིད་པས།སྐབས་དེར་མིག་སྨན་བཀོལ་བ་ལས་སྔ་མོ་ནས་གཉིད་ན་བཟང་།

        བཞི། མིག་སྤྲིན་སེར་པོར་གྱུར་པ།མིག་སྤྲིན་སེར་པོར་གྱུར་པ་ནི་མཁྲིས་རྡོ་ཡོད་པའི་རྟགས་རེད།མཁྲིས་རྡོ་ཡིས་མཁྲིས་ཁུ་ཕྱིར་ཕུད་བྱེད་པར་བཀག་འགོག་ཐེབས་པས།མཁྲིས་ཁུ་ཁྲག་རྩའི་ནང་དུ་བཞུར་བ་ལས་བྱུང་བ་རེད།

        མིག་སྤྲིན་སེར་པོར་གྱུར་པ་ནི་ད་རུང་མཁྲིས་སེར་དང་མཆིན་ཚད་ཀྱི་ནད་རྟགས་ཡིན་ཡང་སྲིད།མཆིན་པའི་སྲན་དབྱིབས་ལྟེ་སྙིང་གཤིས་འགྱུར་གྱི་ནད་བྱུང་ཡོད་པའི་ནད་པའི་མིག་སྤྲིན་སེར་པོར་འགྱུར་སླ།

        ལྔ། མིག་མཐའ་སྐྲངས་པ།གཉིད་ཡུན་རིང་བའི་དབང་གིས་མིག་མཐའ་སྐྲངས་པ་ཡིན་ན།མཁལ་མར་ནད་ཡོད་པའི་རྟགས་རེད།མཚན་མོར་གན་རྐྱལ་དུ་ཉལ་བས་ལུས་སྟེང་གི་ཕྱིར་ཕུད་བྱེད་མ་ཐུབ་པའི་ཆུ་ཡོད་ཚད་སྐྱི་པགས་ཆེས་སྲབ་པའི་མིག་མཐར་བསགས་པས་མིག་མཐའ་སྐྲངས་པ་རེད།

        དྲུག མིག་གདངས་ནས་གཉིད་པ།གཉིད་པའི་སྐབས་སུ་མིག་གདངས་ནས་གཉིད་པ་ཡིན་ན།ཨོལ་གོང་གཤེར་རྨེན་གྱི་ནད་ཡོད་མེད་ལ་མཉམ་འཇོག་དགོས་པ་དང་།མིག་གཅིག་གདངས་ཤིང་མིག་གཅིག་བཙུམ་ནས་གཉིད་པ་ཡིན་ན།ངོ་གདོང་གི་དབང་རྩ་བེམ་སྦྲིད་བྱུང་ཡོད་མེད་ལ་མཉམ་འཇོག་དགོས།

        བདུན། མིག་སྐྱི་ལྡིང་བ།མིག་སྐྱི་ལྡིང་བ་ནི་མིག་བཀོལ་སྤྱོད་བྱེད་ཚད་མཐོ་ཞིང་སེམས་ཚགས་བྱེད་དགོས་པའི་བྱ་བ་ཧ་ཅང་མང་བ་ལས་བྱུང་བ་ཡིན་པས།སྐབས་དེར་ངལ་གསོ་ལེགས་པོ་བྱེད་པ་དང་།ངལ་གསོ་དང་ངལ་རྩོལ་ཟུང་འབྲེལ་བྱེད་དགོས་པ་ལས།ལག་ཁྱེར་ཁ་པར་དང་གློག་ཀླད་སོགས་ལ་ལྟ་མི་རུང་ལ།དུས་མཚུངས་སུ་འཚོ་བཅུད་ཁ་སྣོན་བྱེད་དགོས། །