རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་འགོག་སྲུང་བྱེད།

རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2020-03-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ད་ལོའི་དཔྱིད་གསར་དུས་ཆེན་གྱི་གཡས་གཡོན་དུ་ནད་དུག་ཅིག་ཝུའུ་ཧན་གྲོང་ཁྱེར་གཙོས་པའི་ཉེ་འཁོར་ས་ཆ་ཀུན་དུ་ཁྱབ་ནས་སྤྱི་ཚོགས་ནང་དུ་ཟང་ཟིང་དང་དཀའ་ལས་མང་པོ་ཞིག་བཟོས་ཤིང་།   ཆེད་ལས་སྨན་པ་ཁག་ཅིག་གིས་བརྟག་དཔྱད་བྱས་པ་བརྒྱུད་ནད་དེ་ལ་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་དང་།   རིམ་བཞིན་ཏོག་གསར་གློ་ཚད་ཅེས་མིང་བརྡ་གཅིག་གྱུར་བྱུང་།   གློ་ཚད་འདི་འགོས་པའི་རང་བཞིན་ཆེ་བས་དང་ཐོག་མི་འགའ་རེ་ལ་ཁྱབ་པ་ནས་རིམ་བཞིན་མི་མང་པོར་འགོས་པས་ཏང་ཀྲུང་དབྱང་གིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ་ཝུའུ་ཧན་གཙོར་བྱས་པའི་གྲོང་ཁྱེར་བཀག་སྡོམ་བྱས་ནས་འགོས་ནད་ཛ་དྲག་ཅན་དུ་འགྱུར་བར་སྔོན་འགོག་བྱས་པ་རེད།    

      འཕྲད་བྱུང་གནས་ཚུལ་ལ་འཕྲད་དུས།  ང་ཚོས་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་བཀོད་སྒྲིག་དམ་སྲུང་བྱེད་དགོས་ཤིང་།   ཏང་དང་སྲིད་གཞུང་གི་བཀོད་འདོམས་ལ་ཡིད་ཆེས་དང་དང་ལེན་བྱེད་དགོས།  ཏང་དང་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་ཡོད་ན་ད་གཟོད་གློ་ཚད་འདི་སེལ་ནས་མཇུག་སྒྲིལ་ཐུབ་པའི་ཆ་རྐྱེན་འདང་བ་དང་།  ཏོག་གསར་གློ་ཚད་འགོས་པའི་རིང་དུ་སྨན་པ་དང་ཉེན་རྟོག་པ། མི་བུ་ལྷག་བསམ་ཅན་མང་པོ་ཞིག་གིས་རང་གི་ཚེ་སྲོག་ལ་མི་འཛེམ་པར་མང་ཚོགས་ཀྱི་རྒྱུ་ནོར་དང་བདེ་འཇགས་ལ་འགན་སྲུང་བྱས་ཡོད་པས།   ང་ཚོས་ཀྱང་ལྷག་བསམ་དེ་དག་ལ་རྡོག་རྫིས་མི་གཏོང་བར་ཁ་རས་རྒྱག་པ་དང་ལག་པ་གཙང་མར་བཀྲུ་བ།   ཁང་ཁྱིམ་ནང་དུ་རླུང་སྒྱུར་བ་འཇུག་པ་སོགས་ལ་ཁག་ཐེག་བྱེད་དགོས་པ་དང་།   རང་ལ་འགན་འཁུར་དགོས་པ་དང་མི་གཞན་ལའང་འགན་འཁུར་དགོས་པས་ལོ་གསར་གྱི་བར་སྐབས་ལ་ཡང་འཕྲོད་བསྟེན་དང་བདེ་འཇགས་ཀྱི་འདུ་ཤེས་སོགས་ལྷོད་གཡེང་དང་རྒྱ་ཡན་དུ་གཏོང་མི་རུང་།    

     ནད་ཡམས་ལ་སྙིང་རྗེ་མེད་རུང་།  མི་ཡུལ་ལ་བརྩེ་བས་ཁེངས་ཡོད་པ་ལྟར།   ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་ནད་རིགས་སྔོན་འགོག་གི་ལས་ཀ་ཡག་པོར་སྒྲུབ་པ་དང་།   དེའང་ཐོག་མར་རང་ཉིད་གཙོ་བྱས་པའི་ཁྱིམ་མི་རྣམས་འདུ་འཛོམས་ཆེ་སར་མི་འགྲོ་ཞིང་།   ཁྱིམ་དུ་སྡོད་པའི་དུས་ན་ཡང་དུག་སེལ་དང་གཙང་དག་ལ་གོམས་པར་བྱ་བ།   དེ་ནས་དཀྲོག་གཏམ་མི་སྒྲོག་པ་དང་འགྲོ་འོང་བྱེད་པའི་ཚེ་མི་གཞན་ལ་དཀའ་ལས་མི་བཟོ་བ་སོགས་ནི་ཤིན་ཏུ་གལ་ཆེ་བར་མཐོང་།    ལྷག་པར་སྲིད་གཞུང་གི་བཀོད་སྒྲིག་ལ་ཉན་པ་དང་སྲིད་གཞུང་ལ་ཡིད་ཆེས་བྱས་ནས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ཡིན་ན་རྒྱལ་ཁའི་འབྲས་བུ་དེ་ཐོབ་ཐུབ་པ་རེད།