རྩོམ་པ་པོ།   ཚེ་རིང་དོན་འགྲུབ།  ཡིག་བསྒྱུར།       དུས་ཚོད།   2020-03-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
བདེ་ཆེན་ཞེས་གླེང་ཡོང་དུས་མི་རྣམས་ཀྱིས་ཐོག་མར་དྲན་ཡོང་བ་ནི་བདེ་ཆེན་ཁ་བ་དཀར་པོ་དང་མཛེས་སྡུག་ལྡན་པའི་སེམས་ཀྱི་ཉི་ཟླ་གཉིས་ཡིན་ངེས། གནས་འདིའི་ཕྱོགས་བཞིར་གངས་རི་དང་རྫ་རི་ནགས་རི་སོགས་ཀྱིས་ཡོངས་སུ་བསྐོར་ཞིང་། བར་དང་བར་གསེང་ན་གངས་ཆབ་སྔོན་མོའི་བཞུར་སྒྲ་སྙན་པ། ཞིང་ལ་འབྲུ་དྲུག་ལོ་ཏོག་གི་འབྲས་བུ་སྨིན་ཞིང་འབྲོག་ན་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་བར་རོང་འབྲོག་གཉིས་དང་ལྡན་པའི་ཡུལ་གྲུ་ཞིག་ཡིན། མི་རྣམས་ཀྱང་རང་བཞིན་གྱིས་བྱམས་སེམས་ཆེ་ཞིང་རྣམ་དཀར་དགེ་བའི་ལས་ལ་བརྩོན་པར་དགའ།
འདིར་བདེ་ཆེན་རྫོང་ངམ་འཇོལ་རྫོང་གི་ཡུལ་གྱི་བཀོད་པའི་ཆ་ནས་བཤད་ན་ཡང་ངོ་མཚར་བའི་ཡུལ་ཤ་སྟག་ཅིག་ཏུ་སྣང་སྟེ་ཡུལ་མིའི་ཁ་གཡང་འབོད་ལུགས་ཏུ་ཡང་། གནས་ཆེན་ཁ་བ་དཀར་པོ། གནས་བདག་ཨོ་རྒྱན་པདྨ། གཞི་བདག་དགྲ་ལྷ་བཅུ་གཉིས། སྟོང་མཚོ་བུ་མོ་སྤུན་བདུན། གནས་གསུམ་ན་བཞུགས་པའི་དཔའ་བོ་དཔའ་མོ། ཤར་གླེགས་བམ། ནུབ་བརྒྱ་བྱིན། བྱང་མཚོ་དཀར། མེ་ལོང་དགོན་སྟོད་དགོན་སྨད། ཇོ་བོ་ནམ་མཁའ་བཀྲ་ཤིས། གནས་མཆོད་རྟེན་དཀར་ལྗང་། མཆོད་རྟེན་བྱམས་པ་མགོན་པོ། བྱང་ཆུབ་ཆོས་ཀྱི་མཆོད་རྟེན། མཆོད་རྟེན་ཤུག་དཀར་རོང་བྱོན། མཆོད་རྟེན་མཐོང་བ་རང་བྱོན། བྲག་སྣ་བཙན་རྒོད་སྡེ་ལྔ། གཞི་བདག་བྲག་ལྷ་བྲག་ཅེས་གནས་དང་བྱིན་རླབས་ཅན་གྱི་ཡུལ་སོགས་ཀྱི་མཚན་ནས་བརྗོད་དེ་སྨོན་འདུན་ཞུ་ཞིང་འདིར་བརྗོད་པར་བྱ་བ་ནི་འཇོལ་རྫོང་ཧོར་གྲོང་གི་ལོ་གསར་སྐབས་སུ་གཡང་ཆགས་ལེན་པའི་སྐོར་ཡིན།
གཡང་ཆགས་ཀྱི་གླུ་ལེན་པ་འདི་ནི་བདེ་ཆེན་ཡུལ་གྱི་ཁྱད་ཆོས་མངོན་པར་གསལ་བའི་དབྱངས་རྟ་འགུགས་ལུགས་ཤིག་ཡིན་པ་དང་། དེ་ཡང་ལོ་གསར་ཚེས་པ་གཅིག་དང་ཚེས་པ་གསུམ་ལ་སྡེ་བའི་རྒན་གཞོན་རྣམས་སྡེ་འདབས་ཀྱི་མཆོད་རྟེན་དཀར་མོའི་ཐང་དུ་འཛོམས་ནས་བསང་གཏོང་བ་དང་ལོ་གསར་གྱི་ཁ་གཡང་འབོད་ལ། དེ་ནས་རྒན་གཞོན་རྣམས་ལོ་ཡི་གོ་རིམ་བཞིན་བསྒྲིགས་ཏེ་འགྲོས་མཉམ་པའི་འདེགས་འཇོག་བསྒྱུར་བཞིན་གནའ་བོའི་ངག་གི་འགྱུར་ཁུགས་མ་ཉམས་པའི་གཡང་ཆགས་ལེན་པ་དང་། དེ་ཡང་བདེ་ཆེན་ཁ་བ་དཀར་པོར་གསོལ་བ་ནས་མི་ལ་ན་ཚ་མེད་ཅིང་ཕྱུགས་ལ་གོད་ཁ་མེད་པ། ལོ་ལེགས་རབ་ཏུ་འབྱུང་བ། ཅི་བསམ་དོན་འགྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་ཏེ་གཡང་ཆགས་ལེན་པའི་མཇུག་རྫོགས་པར་བྱེད། གཡང་ཆགས་མཇུག་རྫོགས་རྗེས་རྒན་གཞོན་རྣམས་མཆོད་རྟེན་ཉེ་འགྲམ་གྱི་ཐང་དུ་གྲལ་བསྒྲིགས་ནས་རྒན་པ་བསམ་ཤེས་ཅན་ཞིག་གིས་ལོ་རྙིང་ཕར་ལ་བསྐྱལ་ནས་ལོ་གསར་བ་བསུ་བའི་བཀྲ་ཤིས་པའི་ཁ་གཡང་སྒྲོག་ཅིང་། རང་ཡུལ་ནས་བསྙལ་བའི་ནས་ཆང་སྔོན་མོ་དང་བཅུད་ལྡན་ཟས་རིགས་སོགས་ཕན་ཚུན་ལ་སྟེར་བཞིན་དགའ་དགའ་སྐྱིད་སྐྱིད་ཀྱི་ངང་ནས་གཏམ་གླེང་བྱེད་ཞོར་ཉིན་གོང་གི་བར་ལ་ཐོན་ཙ་ན་ངལ་གསོས་ནས་རང་ཁྱིམ་དུ་ལོག་པར་བྱེད། མོས་པ་ཡོད་མཁན་ཚོས་བརྙན་བརྒྱུད་ནས་རྒྱུས་ལོན་གནང་བར་དགའ་བསུ་ཞུ།