འཇོལ་རྫོང་ཧོར་གྲོང་གི་ལོ་གསར་སྐབས་མདའ་རྩེད་བའི་རྣམ་པ།

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2020-03-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


       ལོ་གསར་ནི་བོད་པ་རྣམས་ཀྱི་ལོ་གཅིག་གི་ནང་ནས་ཆེས་གལ་ཆེ་བའི་དུས་སྟོན་ཁྱད་པར་བ་ཞིག་ཡིན་ཞིང་།   ལོ་གསར་ནང་དུ་ཁྱིམ་མི་ལྷན་དུ་འཛོམས་ནས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བ་ནི་ཆེས་བདེ་སྐྱིད་ལྡན་པའི་དུས་སྐབས་དེ་ཡིན།  

      དེའང་ལུང་པ་རེ་ལ་ཆུ་རེ།   ས་ཆ་རེ་ལ་སྐད་རེ་ཟེར་བ་བཞིན་དུ་ལོ་གསར་ལ་མཚོན་ན་ཡང་ཁོར་ཡུག་དང་ནམ་ཟླའི་ཆ་རྐྱེན་སོགས་ཀྱི་དབང་གིས་ཅུང་མ་འདྲ་བ་ཡོད་ལ།   བདེ་ཆེན་ཁུལ་འཇོལ་རྫོང་ཧོར་གྲོང་ཚོར་མཚོན་ན་ལོ་གསར་ནང་དུ་སྡེ་མི་མཉམ་དུ་འཛོམས་ནས་གླུ་ལེན་གར་རྩེད་བྱེད་པ་ཤིན་ཏུ་དར་ཁྱབ་ཆེ་ཞིང་།  མཉམ་དུ་འཛོམས་པའི་ཚེ་ན་ཁ་རྒྱབ་ཅེས་པ་སྟེ་ཕན་ཚུན་བར་ལ་ཀུ་རེའི་ཚུལ་གྱིས་སྐྱོན་གླེང་རེས་བྱས་ཏེ་ཕན་ཚུན་ལ་དགོད་ཁ་སློང་བའི་རྩེད་རིགས་ཁྱད་པར་བ་ཞིག་ཀྱང་ཡོད་ཅིང་།  ལྷག་པར་སྡེ་བའི་གསར་བུ་ཚོ་ནི་མདའ་རྩེད་བྱེད་པར་ཤིན་ཏུ་དགའ་ཞིང་ཉིན་དུ་མའི་རིང་ལ་བསྟུད་མར་རྩེད་ཀྱང་ངལ་བ་མི་འབྱུང་བའི་རྩེད་མོ་ཞིག་ཏུ་ཆགས་ཡོད།  

      དེའང་འཇོལ་རྫོང་ཧོར་གྲོང་གི་མདའ་རྩེད་ལ་མཚོན་ན།   མདང་དང་གཞུ་རྣམས་ཀྱང་སྔོན་ཆད་ཀྱི་ལག་ཤེས་ལས་བཟོས་པ་ཤ་སྟག་ལས་དེང་གི་ལྕགས་རིགས་ཀྱིས་བཟོས་པ་སོགས་མིན་པར་རྩེད་མོ་རྩེས་དུས་ཀྱང་འགྲན་བསྡུར་གྱི་རྒྱལ་ཕམ་ཁོ་ན་ལ་དམིགས་པ་མིན་པར།  གཙོ་བོར་ཕར་ཚུར་འགྲོ་འོང་ལས་གཅིག་ན་བདེ་ཐང་ལ་ཕན་པ་དང་།  གཉིས་ན་གྲོགས་པོ་ཕན་ཚུན་བར་ཁ་བརྡ་སྣ་ཚོགས་དང་ཉམས་མྱོང་བརྗེ་རེས་བྱས་པ་བརྒྱུད་ནས་བརྩེ་སེམས་ཇེ་ཟབ་ཏུ་འགྲོ་བར་ཡང་ཕན་པར་འདོད།  གཞན་ཡང་མདའ་བའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་སོགས་ལ་ནུས་པ་ཐོན་བཞིན་པ་སོགས་ཀྱང་མངོན་སུམ་རེད།   མདའ་རྒྱག་ས་ནས་འབེན་གྱི་བར་ལ་གོམ་པ་དྲུག་ཅུ་ཡས་མས་ཡོད་ཀྱང་མདའ་མོ་གཞུ་ལས་ཤོར་བ་ཤིན་ཏུ་མགྱོགས་ལ་མདའ་འཕེན་གྱི་རྩལ་ཐོན་པ་ཡིན་ན་འབེན་གྱི་དཀྱིལ་སྙིང་ལ་ཕོག་ཐུབ་པ་རེད།  

      སྔོན་ཆད་ཡིན་ན་གྲོང་ཚོ་འདིར་རྟ་རྒྱུག་ཡོད་ཀྱང་རིམ་བཞིན་ཉམས་པར་བཤད།  མདའ་རྩེད་ནི་ཡུལ་འདིར་དར་བའི་ལོ་རྒྱུས་སྐོར་ལ་གསལ་ཆ་མ་ངེས་པར་གང་བྱུང་དུ་འབྲི་མ་ཕོད་ལ། གང་ལྟར་ཀྱང་འཇོལ་རྫོང་ཧོར་བ་ཚོས་མདའ་རྩེད་ལ་དུང་བ་ཟབ་མོ་ཞིག་བཅངས་འདུག