བདེ་ཆེན་གྱི་རིམས་འགོག་ལས་དོན་སྔར་བཞིན་སྔར་བཞིན་དམ་འཛིན་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-02-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལོ་སྔོན་མའི་ལོ་མཇུག་ཏུ་ཧུའུ་པེ་ཝུའུ་ཧན་གྲོང་ཁྱེར་དུ་གཏོག་གསར་གློ་ཚད་ཞེས་པའི་རིམས་ནད་གསར་བ་ཞིག་བྱུང་ཞིང་།རིམས་ནད་རིམ་ཀྱིས་རྒྱལ་ཡོངས་སུ་ཁྱབ་སྟེ།རྒྱལ་ཡོངས་ཀྱི་གོང་འོག་ཚང་མ་རེ་ཞིག་ལ་ཚ་ཚ་འུར་འུར་གྱི་གནས་སུ་ལྷུང་བ་རེད།འོན་ཀྱང་།ཐོལ་བྱུང་གི་རིམས་ནད་ཀྱི་མདུན་ནས་རྒྱལ་འབངས་དུང་ཕྱུར་བཅུ་བཞི་བོ་དཔའ་ངར་མ་ཞུམ་པར་མྱུར་དུ་རིམས་འགོག་གི་གཟུགས་མེད་དམག་འཐབ་འདིར་ཞུགས་ཤིང་།གོང་བུ་གཅིག་སྒྲིལ་གྱིས་མཉམ་དུ་རིམས་འགོག་བྱས་པ་རེད།བདེ་ཆེན་ཀྱང་དེ་ལས་མ་འདས་པར་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྡོག་གཅིག་སྒྲིལ་བྱས་ནས་རིམས་འགོག་གི་དམག་འཐབ་འདིར་ཞུགས་ཤིང་ཕན་འབྲས་ཆེན་པོ་ཐོབ་ཡོད་དེ།རྒྱུས་ལོན་བྱུང་བ་ལྟར་ན།ཟླ་བ་2པའི་ཚེས་16ཉིན་སྔ་དྲོར་བདེ་ཆེན་བདེ་ཆེན་རིམས་འགོག་ལྟེ་གནས་ཀྱིས་ཟུར་དུ་བཞག་པའི་ཉེ་བཅར་མི་སྣ་46ལས་ཆེས་མཐའི་མི་སྣ་2པོའི་གསོ་རིག་ལྟ་རྟོག་མཚམས་བཞག་ཅིང་།དུས་ད་ལྟའི་བར་བདེ་ཆེན་དུ་གཏན་ཁེལ་ནད་རྟགས་མེད་ལ་དོགས་ཡོད་ནད་པ་ཡང་མེད་པ་རེད།འདི་ནི་བདེ་ཆེན་ལ་མཚོན་ན་གཏམ་བཟང་ཞིག་ཡིན་ལ།ལྷག་པར་དུ་བདེ་ཆེན་གྱིས་ཐེངས་འདི་རིམས་འགོག་དམག་འཐབ་ཁྲོད་བླངས་པའི་གྲུབ་འབྲས་ཤིག་ཡིན་པ་ཐེ་ཚོམ་མེད། 

        བདེ་ཆེན་གྱིས་ཟླ་གཅིག་ལྷག་གི་རིང་འབད་བརྩོན་ལྷོད་མེད་བྱས་མཐར་ཉེ་ཆར་ཀྲུང་དབྱང་དང་ཞིང་ཆེན་གྱི་སྒྲིག་བཀོད་ལྟར་རིམ་གྱིས་ལས་ཀ་དང་ཐོན་སྐྱེད།སློབ་གསོ་སོགས་རིམ་གྱིས་སླར་གསོ་བྱེད་བཞིན་ཡོད།འོན་ཀྱང་།རྒྱལ་ཡོངས་སུ་རིམས་འགོག་དམག་འཐབ་ལ་སྔར་བཞིན་རྒྱལ་ཁ་ཐོབ་མེད་དེ།གནད་འགག་དང་དམིགས་བསལ་གྱི་སྐབས་འདིར་བདེ་ཆེན་གྱིས་ཀྱང་ལས་ཀ་དང་ཐོན་སྐྱེད།སློབ་གསོ་སོགས་རིམ་གྱིས་སླར་གསོ་བྱེད་པའི་སྐབས་ཀྱི་མི་ཚོགས་འདུ་འཛོམས་དང་བཟའ་བཏུང་མཉམ་སྤྱོད།ཕན་ཚུན་འགྲོ་འོང་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་རེད།གནས་ཚུལ་འདིར་དམིགས་ནས་ཡུན་ནན་ཞིང་ཆེན་ཡོངས་ཀྱིས་རིམས་འགོག་གཞི་གྲངས་ཆེན་པོའི་བཏོད་ནས་ཡོད་དེ།ལས་ཁུངས་དང་ཟ་ཁང་།འཚོང་ར་སོགས་སུ་སྒོར་ཁར་རྩ་གཉིས་ཨང་རྟགས་སྦྱར་ནས་སྒོ་ཕྱི་ནང་དུ་འགྲོ་དུས་ཐེངས་རེ་བཤེར་དགོས།རིམས་འགོག་གཞི་གྲངས་ཆེན་པོ་འདི་བཏོད་པར་དགེ་མཚན་ཆེན་པོ་ལྡན་དེ།གལ་སྲིད་བདེ་ཆེན་ནས་མི་གཅིག་ནད་རྟགས་གཏན་ཁེལ་བྱས་ཚེ་གཞི་གྲངས་ཆེན་པོ་འདི་བརྒྱུད་ནས་དུས་ཚོད་ཐུང་ངའི་ནང་ཉེ་བཅར་མི་རྩད་གཅོད་བྱེད་ཐུབ་ལ།མྱུར་དུ་རིམས་ནད་ཁྱབ་ཆེར་འགྲོ་བར་ཚོད་འཛིན་བྱེད་ཐུབ་ཏེ།རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ནུས་ཆེན་པོ་ཐོན་ཐུབ།བྱེད་ཐམས་འདི་དག་ལག་བལྟར་བྱས་རྗེས་ས་གནས་གྲོང་མིས་ཀྱང་ཧུར་བརྩོན་གྱིས་རིམས་འགོག་ལས་ཀར་རོགས་འདེགས་བྱེད་བཞིན་ཡོད་དེ།ཉེ་ཆར་གསེར་ཟམ་སྒོ་རྩིས་ཁང་དང་སྔོ་ཚལ་ཁྲོམ་ར།ལས་ཁུངས་སོགས་ཀྱི་ལས་བཟོ་བས་སྒོ་ཕྱི་ནང་དུ་འགྲོ་སྐབས་ཐེངས་རེ་བཤེར་རྒྱུ་ནི་དོན་དག་གལ་ཆེན་ཞིག་ཏུ་རྩིས་ནས་རང་སྒུལ་གྱིས་སྒྲིག་ལམ་བརྩི་སྲུང་བྱེད་བཞིན་ཡོད།དེ་མིན་ལས་ཁུངས་སུ་ཟ་མ་ཟ་དུས་ཀྱང་ཞིང་ཆེན་དང་ཁུལ་གྱི་འདུ་འཛོམས་བཟའ་བཏུང་བྱེད་མི་ཆོག་པའི་གཏན་ཁེལ་ལྟར་རང་རང་གི་ཕོར་བཟུང་ནས་ཟ་མ་བླངས་རྗེས་ཁྱིམ་དུ་ལོག་པ་དང་།ཡང་ན་མི་རེའི་བར་དགོས་ངེས་ཀྱི་བར་ཐག་བཞག་ནས་འཐུང་བ་སོགས་རིམས་ནད་སྔོན་འགོག་གི་རྩ་དོན་དང་ལེན་ནན་ཏན་བྱེད་བཞིན་ཡོད། 

        རིམས་ནད་ནི་བཀའ་རྒྱ་དང་རིམས་འགོག་ནི་འགན་འཁྲི་ཡིན་ཞེས་པ་བཞིན།རྒྱལ་ཡོངས་ཀྱི་རིམས་འགོག་ལ་རྒྱལ་ཁ་མཐའ་གཅིག་མ་ཐོབ་ཚེ་བདེ་ཆེན་གྱི་རིམས་འགོག་ལས་ཀ་ལྷོད་གཡེང་བྱེད་མི་རུང་ལ། ལྷག་པར་དུ་རྣམ་གཡེང་དབང་གིས་ཅིན་ཀྲུའུ་ཤོར་ཞེས་པའི་དཔེ་ཡི་རྗེས་སུ་ལྷག་ཏུ་འགྲོ་མི་རུང་སྟེ།སྔར་བཞིན་དོགས་ཟོན་ནན་མོ་བྱེད་ནས་ཤམ་བྷ་ལའི་དག་ཞིང་འདི་སྲུང་སྐྱོབ་བྱེད་དགོས།